རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5000ཡོད་པའི་ས་མཐོར་བདེ་ཐང་སྲུང་སྐྱོང་གི་ལས་ལ་གཞོལ་བཞིན་པའི་ཤིན་ཅང་གི་སྨན་པ་བཟང་པོ།
ཨ་ལི་མུའུ་ཅང་གིས་ཆ་སྙོམས་ཀྱི་ས་བབ་མཐོ་ཚད་སྨི་5000ཙམ་གྱི་ས་མཐོར་སྲོག་སྐྱོབ་སྨན་བཅོས་ཀྱི་ལས་ཀའི་ནང་ཞུགས་རྒྱུའི་བསམ་བློ་གཏན་ནས་འཁོར་མྱོང་མེད། ཧྥུའུ་ཏན་སློབ་ཆེན་གྱི་ཁོངས་གཏོགས་ཧྭ་ཧྲན་སྨན་ཁང་གི་བོད་སྐྱོར་སྨན་བཅོས་དཔུང་ཁག་གི་ཁོངས་མིའི་གྲས་སུ་ཚུད་པའི་ན་གཞོན་སྨན་པ་ཁོང་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་དུ་བཅའ་སྡོད་བྱས་ནས་ས་མཐོའི་མི་དམངས་སྲུང་སྐྱོང་བྱེད་པའི“བདེ་འཇགས་སྲུང་དམག”ཅིག་ཏུ་གྱུར་ནས་ལོ་ཕྱེད་ཙམ་སོང་ཡོད་པ་རེད།
འབྲོང་པ་རྫོང་ནི་གཞིས་རྩེ་གྲོང་ཁྱེར་གྱི་ནུབ་ངོས་སུ་གནས་པ་དང་ཆ་སྙོམས་ཀྱི་ས་བབ་མཐོ་ཚད་སྨི་5000ཙམ་ཟིན་ཞིང་། དྲོད་ཚད་དམའ་ཤོས་སྐབས་ཀླད་ཀོར་འོག་གི་40℃ཟིན་པ་དང་། གསོ་རླུང་འདུས་ཚད་དང་རླུང་གནོན་ཧ་ཅང་དམའ་པོ་ཡོད། འབྲོང་པ་རྫོང་གི་མཚན་མོར་གྲང་འཁྱག་དང་། གསོ་རླུང་མི་འདང་བ། གཉིད་མི་ཁུག་པ་བཅས་ཀྱིས་ཨ་ལི་མུའུ་ཅང་དང་བོད་སྐྱོར་སྨན་བཅོས་དཔུང་ཁག་གི་རུ་མིས་རྒྱུན་འཁྱོངས་བྱེད་པའི་འདོད་བློ་ལ་ཉམས་ཚོད་ལེན་བཞིན་ཡོད། འོན་ཀྱང་ཉི་མའི་འོད་ཟེར་ཐོག་མ་དེ་ས་མཐོར་འཕྲོ་རིམ་བཞིན་སྔར་གྱི་སྙིང་སྟོབས་འཕེལ་ནས་ས་མཐོའི་མི་དམངས་ཀྱི་བདེ་ཐང་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བཞིན་ཡོད། ཨ་ལི་མུའུ་ཅང་ནི་ཆུང་དུས་ནས་ཤིན་ཅང་གི་འབྲོག་ཁུལ་དུ་འཚར་ལོངས་བྱུང་བ་ཞིག་ཡིན་པས། འབྲོག་ཁུལ་གྱི་ཁོངས་སུ་གཏོགས་པའི་འབྲོང་པ་རྫོང་ལ་སྙིང་ཉེ་བའི་ཚོར་སྣང་ཟབ་མོ་ཞིག་ཡོད་པ་དང་། ཁོང་གིས “གྲངས་ཉུང་མི་རིགས་ཀྱི་སྨན་པ་ཞིག་ཡིན་པའི་ཆ་ནས། ངས་རང་ཉིད་ཀྱི་ནུས་པ་གང་ཡོད་བཏོན་ནས་མི་རིགས་ས་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་འཕེལ་རྒྱས་ཆེད་ལེགས་སྐྱེས་འབུལ་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་བཤད།
ཤིན་ཅང་བྱང་རྒྱུད་ཀྱི་མང་ཚོགས་ཚོས་བོད་དང་འདྲ་བར་འབྲོག་ལས་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད་སྟབས། ས་མཐོའི་ཁོར་ཡུག་མཐོང་སྐབས་ཨ་ལི་མུའུ་ཅང་གི་སེམས་སུ་ཕ་ཡུལ་ཡང་ཡང་དྲན་གྱི་ཡོད་པ་རེད། ཁོང་གིས་ཚོར་བ་ཟབ་མོས“ས་བབ་མཐོ་རུ་ཕྱིན་པ་དང་བསྟུན་ནས་ནད་རིགས་མང་པོ་ཐོན་གྱི་ཡོད་མོད། འོན་ཀྱང་འབྲོང་པའི་ཡུལ་མི་ཚོས་རྒྱུན་དུ་ང་ལ་ཕ་ཡུལ་གྱི་ཡུལ་མི་དྲན་དུ་བཅུག་པས། ངས་ཁོ་ཚོའི་བདེ་ཐང་ལ་འགན་འཁྲི་འཁུར་སེམས་དེ་བས་ཆེ་རུ་ཕྱིན་སོང”ཞེས་བཤད།
ཧྭ་ཧྲན་སྨན་ཁང་སྙིང་ཁམས་ཁྲག་རྩའི་ནད་ཚན་གྱི་རྐང་འཛིན་ན་གཞོན་སྨན་པ་ཨ་ལི་མུའུ་ཅང་གིས་ས་གནས་དེ་གའི་དགོས་མཁོར་གཞིགས་ནས་རང་ཉིད་ཀྱི་ཆེད་ལས་ཤེས་བྱའི་གྲུབ་ཆ་མགྱོགས་མྱུར་ལེགས་སྒྲིག་བྱས་ཤིང་། འབྲོག་པ་རྫོང་དུ་ཏོག་དབྱིབས་སྙིང་ནད་དང་། ཁྲག་ཤེད་མཐོ་བའི་ནད། ཚིལ་མཐོ་ཁྲག་ནད། ས་མཐོའི་གློ་བའི་ཆུ་སྐྲངས་སོགས་ཀྱི་ནད་གཞི་ཐོན་མང་བའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད། འོན་ཀྱང་། སྨན་གྱི་རིགས་དང་ཞིབ་དཔྱད་བྱེད་ཐབས་ལ་ཚད་ཡོད་པས་སྨན་བཅོས་ཚད་གཞི་ད་དུང་མཐོ་རུ་གཏོང་དགོས་ཀྱི་ཡོད་པ་རེད། ནད་ཡམས་ཀྱི་སྣ་མང་རང་བཞིན་དང་ས་ཁོངས་རང་བཞིན་གྱིས་ཨ་ལི་མུའུ་ཅང་དུས་ཡུན་རིང་པོ་མ་འགོར་བར་མཁོ་ཆོད་སྨན་པ་ཞིག་ཏུ་གྱུར་ནས། ས་གནས་དེ་གའི་མང་ཚོགས་ལ་ཞབས་འདེགས་ཧུར་ཐག་ཞུ་བཞིན་མཆིས།
འདི་ནི་ཨ་ལི་མུའུ་ཅང་གིས་འབྲོང་པ་རྫོང་དུ་འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་སྤེལ་བཞིན་པ།
ཉིན་ཤས་གོང་བོད་རིགས་བགྲེས་སོང་ཞིག་འབྲོང་པ་རྫོང་མི་དམངས་སྨན་ཁང་དུ་སྲོག་སྐྱོབ་སྨན་བཅོས་བྱེད་པར་སླེབས་དུས། སྐབས་དེར་ཨ་ལི་མུའུ་ཅང་གིས་ཀླད་ཁྲག་ཐོན་པའི་ནད་པ་ཞིག་སྨན་བཅོས་བྱས་མ་ཐག་ཡིན་པ་དང་། སྨན་ཁང་གི་ལས་རོགས་ཀྱིས་བགྲེས་སོང་དེའི་གཞི་རྩའི་གནས་ཚུལ་ཁྱེར་ནས་ཨ་ལི་མུའུ་ཅང་ལ་སྨན་བཅོས་སྐོར་བཀའ་འདྲི་གནང་བ་རེད།
ཨ་ལི་མུའུ་ཅང་ལ “ང་རང་གིས་བརྡར་ཤ་བཅད་པ་ལྟར་ན། ང་ཚོའི་སྨན་ཁང་གིས་སྨན་བཅོས་བྱེད་ཐུབ་ཐབས་མེད། ཁྱེད་ཀྱིས་བྱས་ན་ནད་པ་དེ་གཞིས་རྩེ་མི་དམངས་སྨན་ཁང་དུ་སྨན་བཅོས་བྱེད་པར་སྐྱེལ་དགོས་ཀྱི་འདུག་གམ”ཞེས་སྨན་པ་ཞིག་གིས་དྲིས།
ཨ་ལི་མུའུ་ཅང་གིས་ནད་པའི་རྐང་པ་སྐྲངས་ཚུལ་ལ་བལྟས་རྗེས“ནད་པར་ཁྲག་དབལ་རང་བཞིན་ནད་ཕོག་སྟབས། དེ་དུས་སྨན་ཁང་བརྗེས་ན་ཁྲག་དབལ་ཐོར་ནས་གློ་བ་རེང་འགགས་ཀྱི་ཉེན་ཁ་འཕྲད་ཀྱི་རེད། འབྲོང་པ་རྫོང་ནས་གཞིས་རྩེ་གྲོང་ཁྱེར་བར་ཆུ་ཚོད་བརྒྱད་ནས་དགུ་བར་འགྲོ་དགོས་ཀྱི་ཡོད། གལ་སྲིད་ནད་པའི་ནད་གཞིའི་གནས་ཚུལ་ལ་འགྱུར་ལྡོག་ཕྱིན་ཚེ་ནད་པར་ཉེན་ཁ་ཧ་ཅང་ཆེན་པོ་ཡོད། ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་ནད་པར་བརྟག་དཔྱད་ཡག་པོ་བྱས་ཏེ། ས་གནས་ཀྱི་སྨན་དོན་མི་སྣས་ནད་པར་སྨན་བཅོས་བྱེད་དགོས”ཞེས་བཤད། དེ་རྗེས་ཁོང་གིས་སྨན་དོན་མི་སྣ་ཁྲིད་ནས་ནད་པར་བརྟག་དཔྱད་བྱས་པས། ནད་པ་དེའི་གཡོན་ངོས་ཀྱི་བརླ་རྩ་ཁྲག་དབལ་རེང་འགགས་དང་། སྡོད་རྩ་ལོག་རྒྱུག་ཡོངས་སུ་ཆད་ཟིན་པ་ཤེས། དེ་མུར་གཞིས་ཀ་རྩེ་མི་དམངས་སྨན་ཁང་གི་ཚད་བརྒལ་སྒྲ་རླབས་ཁའོ་ཡི་ཀྲུའུ་རེན་ཁྲེང་ཁུན་དང་བརྙན་རིས་ཐོག་ནས་ནད་གཞིར་བརྟག་དཔྱད་བྱས་རྗེས། སྨན་ཁང་དུ་བསྡད་ནས་སྨན་བཅོས་མུ་མཐུད་བྱ་རྒྱུ་དང་། ནད་གཞི་དྲག་ཏུ་ཕྱིན་རྗེས་སྨན་ཁང་བརྗེ་རྒྱུའི་ཐག་བཅད། མཐར་མར་འབྲོང་པ་རྫོང་མི་དམངས་སྨན་ཁང་དུ་སྨན་བཅོས་བྱས་རྗེས་ནད་པ་ཉེན་ཁ་ནས་ཐར་ཏེ་བདེ་བར་གྱུར།
ས་གནས་དེ་གའི་མང་ཚོགས་ཕུད་ཨ་ལི་མུའུ་ཅང་གིས་ད་དུང་ས་ཆ་གཞན་གྱི་ནད་དཔེ་མང་དག་ཅིག་ལ་ལྟ་དགོས་ཀྱི་ཡོད། འབྲོང་པ་རྫོང་གི་ཆ་སྙོམས་ཀྱི་ས་བབ་མཐོ་ཚད་མཐོ་བས་ས་གནས་དེ་གར་སླེབས་མ་ཐག་པའི་མི་མང་པོ་ཞིག་ལ་ལ་དུག་ཕོག་སླ་པོ་ཡོད་སྟབས། ས་གནས་དེ་གའི་སྨན་ཁང་གིས་ནད་པ་དེ་རིགས་སྨན་བཅོས་ཡང་ཡང་བྱེད་ཀྱི་ཡོད། ནད་གཞི་ཡང་པོ་ཡིན་ན་མགོ་ན་བ་དང་། ནད་གཞི་ལྗིད་པོ་ཡིན་ན་ཀླད་ཆུ་སྐྲངས་པ། དེ་བཞིན་གློ་བའི་ཆུ་སྐྲངས་སོགས་ཀྱི་ནད་རྟགས་འབྱུང་སྲིད་པས། གལ་ཏེ་དུས་ཐོག་ཏུ་སྨན་བཅོས་མ་བྱས་ཚེ་མཇུག་འབྲས་ཚབས་ཆེན་འབྱུང་སྲིད། དེར་བརྟེན་ཨ་ལི་མུའུ་ཅང་དང་། བོད་སྐྱོར་རུ་མི། ཧྭ་ཧྲན་སྨན་ཁང་བྲང་ ཕྱི་བཅོས་ཚན་ཁག་གི་སྨན་པ་ཀྲུའུ་ཡུང་ཅུན་བཅས་ཀྱིས་མཉམ་དུ་འཕྲལ་བཅོས་ཁང་གི་སྲོག་སྐྱོབ་སྨན་བཅོས་སྒྲིག་ཆས་ཚང་མར་ཚོད་ལྟ་འོས་འཚམ་བྱས་པ་མ་ཟད། འཕྲལ་བཅོས་ཁང་དུ་སླར་ཡང་ནུས་པ་ཁག་བགོས་བྱས་ཡོད་པ་རེད། ལས་ཀ་དེ་དག་ལེགས་འགྲུབ་བྱུང་བའི་ཉིན་ཤས་རྗེས་སུ་ས་མཐོར་མ་འཕྲོད་པའི་ནད་པ་ཞིག་ལ་སྨན་ཁང་ནས་སྨན་བཅོས་བྱེད་ཐུབ་པ་བྱུང་ཡོད། ནད་པ་དེ་ནི་གཞོར་ལས་བ་ཞིག་ཡིན་པ་དང་། ལས་རོགས་རྣམས་ཞོགས་པ་མལ་ལས་ལངས་རྗེས་ཁོ་དྲན་པ་ཐོར་བར་ཤེས་ནས་མྱུར་དུ་སྨན་ཁང་དུ་བསྐྱལ་ཡོད་པ་རེད། ཨ་ལི་མུའུ་ཅང་གིས“སྐབས་དེ་དུས་ནད་པར་གློ་བའི་ཆུ་སྐྲངས་འདུག་པས་གནས་ཚུལ་ཛ་དྲག་རེད་འདུག ང་ཚོས་འཕྲལ་དུ་དབུགས་འབྱིན་རྔུབ་ཆས་བཀོལ་ཐོག་ཚད་གཞི་ཅན་གྱི་སྨན་བཅོས་བྱས་པ་ཡིན། མྱུར་སྐྱོབ་བྱས་པ་བརྒྱུད་ནད་པའི་གློ་བའི་ཆུ་སྐྲངས་རིམ་བཞིན་མེད་པར་གྱུར་ལ། མིའི་འདུ་ཤེས་ཀྱང་སླར་གསོ་ཐུབ་ནས་སྨན་བཅོས་སྔར་ལས་ལྷག་པ་ཞིག་ཡོང་རྒྱུར་རྨང་གཞི་ལེགས་པོ་བཏིང་ཡོད”ཅེས་བཤད། སྐབས་དེ་ཤེད་ཀྱི་མྱུར་སྐྱོབ་གནས་ཚུལ་དེ་ད་ལྟའང་ཨ་ལི་མུའུ་ཅང་གི་མིག་ལམ་དུ་འཆར་བཞིན་ཡོད་པ་རེད། ཁོང་གིས“ནུས་པས་ལྕོགས་ཚོད་ཀྱིས་མི་དེ་བས་མང་བར་རོགས་རམ་བྱེད་ཐུབ་པ་བྱ་རྒྱུ་དེ་ཡང་རང་ཉིད་བོད་སྐྱོར་ལས་དོན་ནང་ཞུགས་པའི་དོན་སྙིང་ཡང་ཡིན”ཞེས་བཤད།
འདི་ནི་ཨ་ལི་མུའུ་ཅང་གིས་ས་གནས་དེ་གའི་སྨན་པ་ཁྲིད་ནས་ཞིབ་བཤེར་བྱེད་བཞིན་པ།
ཨ་ལི་མུའུ་ཅང་གིས་བོད་སྐྱོར་བྱེད་རིང་རྒྱུན་དུ་རང་ཉིད་ཁ་བྲལ་རྗེས་ད་དུང་ས་གནས་དེ་གར་གང་ཞིག་འཇོག་ཐུབ་མིན་སྐོར་ལ་བསམ་བློ་གཏོང་གི་ཡོད། ཨ་ལི་མུའུ་ཅང་གིས་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ནད་ཐོག་སྨན་བཅོས་ཀྱི་སྨན་པ་ཚོར་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་དང་ལག་ལེན་རྩལ་ནུས་བསླབས་ཤིང་། ནད་ཁང་དང་སྒོ་བསྟེན་སྨན་བཅོས་ཀྱི་ཚད་བརྒལ་སྒྲ་རླབས་བརྟག་དཔྱད་རྣམ་གྲངས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། དོས་དྲག་ཡན་ལག་ཁུལ་དང་མྱུར་སྐྱོབ་བརྒྱུད་རིམ་ལེགས་སུ་བཏང་ཐོག ད་དུང་སྨན་ཁང་ལ་འགག་རྩའི་སྨན་རྫས་ཀྱི་ཁ་སྐོང་དཀར་ཆག་སྤྲད་ཡོད་པ་རེད།
མྱུར་སྐྱོབ་ཚན་ཁག་ཏུ་ཀྲུའུ་རེན་གྱི་འགན་འཁུར་བཞིན་ཡོད་པའི་ན་གཞོན་སྨན་པ་བསྟན་འཛིན་ནི་ཨ་ལི་མུའུ་ཅང་གི་དགེ་ཕྲུག་ཡིན་པ་དང་། ཁོང་གི་སྣེ་ཁྲིད་འོག་བསྟན་འཛིན་གྱིས་དེ་སྔོན་མ་ཤེས་པའི་ལག་རྩལ་གསར་པ་ཁོང་དུ་ཆུད་ཡོད་པ་རེད། ཨ་ལི་མུའུ་ཅང་གིས“ངས་བསྟན་འཛིན་ཁྲིད་ནས་ནད་པ་མང་པོར་བརྟག་དཔྱད་བྱས་པས། བསྟན་འཛིན་གྱིས་ནད་རྟགས་དེ་དག་ལ་རྒྱུས་མངའ་ཆེན་པོ་ཡོད། ནད་རྟགས་དེ་དག་ནི་འབྲོང་པ་ལྟ་བུའི་ས་བབ་མཐོ་ཁུལ་དུ་ཐོན་མང་བ་ཞིག་རེད། སྨན་བཅོས་ཀྱི་ཉམས་མྱོང་དེ་དག་ཡོད་པས་སླད་ཕྱིན་དེ་ལྟ་བུའི་ནད་རྟགས་འཕྲད་སྐབས་རང་ཚུགས་ངང་སྨན་བཅོས་བྱེད་པའི་ནུས་པ་ལྡན་ཡོད”ཅེས་བཤད།
ཨ་ལི་མུའུ་ཅང་ཆུང་དུས་ནས་ཤིན་ཅང་དབྱི་ལི་རུ་འཚོ་བར་རོལ་ཞིང་། ནར་སོན་རྗེས་ཧྲང་ཧའེ་རུ་སློབ་གཉེར་བྱས་རྗེས་གཟི་བརྗིད་ལྡན་པའི་མི་དམངས་སྨན་པ་ཞིག་ཏུ་གྱུར། ཁོང་གི་ངོས་ནས་བརྗོད་ན་མང་ཚོགས་ལ་རྒྱལ་ཁབ་ཀྱི་སྨན་བཅོས་འཕེལ་རྒྱས་ལས་བྱུང་བའི་ཕན་བདེ་ཚོར་ཐུབ་པ་བྱ་རྒྱུ་དེ་ནི་རང་ཉིད་ཀྱིས་དོན་དུ་གཉེར་འདོད་པ་ཞིག་ཡིན། ཆ་རྐྱེན་ཞན་པའི་འབྲོང་པ་རྫོང་དུ་རོགས་སྐྱོར་བྱེད་པར་བསྐྱོད་དེ་བློ་སྟོབས་ཆེར་སྐྱེད་ཀྱིས་ལང་ཚོ་གཏོད་རྒྱུ་ནི་མི་རིགས་ཁྱིམ་ཚང་ཆེ་མོའི་ཁོངས་མིའི་གྲས་སུ་གཏོགས་པའི་ཨ་ལི་མུའུ་ཅང་གི་འགན་འཁྲི་དང་འོས་འགན་ཞིག་ཡིན་པ་རེད། ཨ་ལི་མུའུ་ཅང་གིས “ང་ནི་ཧྭ་ཧྲན་སྨན་ཁང་གིས་མངགས་པའི་བོད་སྐྱོར་སྨན་པའི་ཁྲོད་ཤིན་ཅང་གི་སྨན་པ་དང་པོ་དེ་ཡིན་ལ་ས་གནས་འདི་གའི་སྨན་ཁང་དུ་སྨན་བཅོས་བྱེད་མཁན་ཡུ་གུར་རིགས་ཀྱི་སྨན་པ་དང་པོ་དེའང་ཡིན་པས། ངས་སྙིང་ཐག་པ་ནས་བོད་རིགས་མང་ཚོགས་ཀྱི་འཚོ་བ་ཉིན་རེ་ལས་མ་འདས་པར་ཡག་ཏུ་འགྲོ་བ་དང་གཟུགས་པོ་བདེ་ཐང་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན”ཞེས་བཤད།