དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • སློབ་གྲྭ་གཅིག་གིས་ས་གནས་གཉིས་ཀྱི་ཕུགས་འདུན་མཉམ་དུ་འབྲེལ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཅ་ཧྥུང་ཧྥུང་།   |     སྤེལ་དུས།  2023-10-21

    སློབ་འབྲིང་གཅིག་གིས་ས་གནས་གཉིས་མཉམ་དུ་འབྲེལ། ཟི་ལིང་གྲོང་བྱང་དང་ཡོན་སུའུ་རི་བོའི་འདབས་སུ་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་གནས་པ་དང་གྱང་དམར་ཐོག་ནག་གི་འཛུགས་སྐྲུན་བཀོད་པ་དེ་བརྗིད་ཉམས་ལྡན་ལ་མཛེས་སྡུག་ཡིད་དུ་འོང་།

    ཟི་ལིང་གྲོང་ཁྱེར་ནི་མཚོ་སྔོན་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་རེད། མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་ས་བབ་མཐོ་བ་དང་། གནམ་གཤིས་སྐྱོ་བ། ཁོར་ཡུག་དཀའ་ཚེགས་ཆེ་བ་བཅས་ཡོད། ཞིང་འབྲོག་ཁུལ་དུ་དགེ་རྒན་དཀོན་པ་དང་སློབ་གཉེར་ཆུ་ཚད་མཐོ་པོ་མེད་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ནས་སྤུས་ལེགས་སློབ་གསོའི་ཐོན་ཁུངས་ཀྱི་མང་ཚོགས་ཀྱི་དགོས་མཁོ་སྔར་བས་སྐོང་ཆེད། མགོ་ལོག་ཀྲོའུ་ཡིས་ཧྲང་ཧའེ་གྲོང་ཁྱེར་གྱི་ཁ་གཏད་རོགས་སྐྱོར་གྱི་གོ་སྐབས་ལ་བརྟེན་ནས་ཟི་ལིང་དུ་ཀྲོའུ་ཡོངས་ཀྱི་སློབ་ལོ་ལོན་པའི་གཞོན་ནུ་ལོ་ཆུང་ལ་ཕྱོགས་པའི་སློབ་འབྲིང་ཞིག་བཙུགས་པ་རེད།

    2019ལོ་ནས་བཟུང་ཕྲུ་གུ་ཆིག་སྟོང་ལྷག་ཙམ་སྔ་རྗེས་སུ་ས་མཐོའི་འབྲོག་ཁུལ་ནས་ཙོང་ཆུའི་རོང་སར་ཤེས་བྱ་སྦྱོང་བ་དང་ཕུགས་འདུན་དོན་གཉེར་བྱེད་པར་བསྐྱོད།

    ཞོགས་པའི་ཆུ་ཚོད་6དང་སྐར་མ་20ཡི་ཐོག་མཐོ་འབྲིང་གཉིས་པའི(འཛིན་གྲྭ་དང་པོའི)སློབ་ཁང་ནང་འཛིན་གྲྭའི་ཀྲུའུ་རེན་ཁྲེན་ཆིང་དུས་ཐོག་ཏུ་སླེབས་ཡོད། 2022ལོར་ཁྲེན་ཆིང་ཧྲའན་ཤིས་དགེ་འོས་སློབ་ཆེན་གྱི་རྒྱ་ཡིག་རྩོམ་རིག་ཆེད་ལས་ནས་ཐོན་ཏེ་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་དུ་ལས་ཀ་བྱེད་པར་ཡོང་།

    མགོ་ལོག་ཀྲོའུ་ས་བབ་མཐོ་ལ་གནམ་གཤིས་གྲང་ངར་ཆེ། ཤེས་ལྡན་པ་དཀོན་པ་ནི་སློབ་གསོ་འཕེལ་རྒྱས་ཀྱི་ཞན་ཆ་ཆེ་ཤོས་སུ་གྱུར་ཡོད། “ལྷག་པར་དུ་ཐག་རིང་ལུང་ཁུག་གི་ཤང་དང་གྲོང་རྡལ་དུ་དགེ་རྒན་ལྟ་ཅི་ཐ་ན་མ་བྱན་དང་བདེ་སྲུང་བའང་ལོ་གཅིག་ནང་ཐེངས་ཁ་ཤས་བརྗེ་དགོས་ཀྱི་ཡོད། རྨང་གཞིའི་སྒྲིག་བཀོད་ལ་མ་དངུལ་མི་ཉུང་བ་ཞིག་བཏང་ཡོད་མོད། འོན་ཀྱང་གནམ་གཤིས་ཀྱི་ཆ་རྐྱེན་གྱིས་ཤེས་ལྡན་པ་གཞིས་ཆགས་རྒྱུར་ཤུགས་རྐྱེན་ཚབས་ཆེན་ཐེབས་ཡོད། ལུས་རྩལ་ཐང་གི་ངོས་ནས་བརྗོད་ན། ཉིན་མོ་ཉི་མ་ཚ་བའི་ཁར་སྔ་དགོང་ཧ་ཅང་གྲང་བས་བསྐྲུན་ནས་ལོ་ཁ་ཤས་ལས་མ་སོང་བར་འབར་ཀྱོང་འབུར་ཀྱོང་ཆགས་ཟིན”ཞེས་མགོ་ལོག་ཀྲོའུ་སློབ་གསོ་ཅུས་ཀྱི་ཅུས་ཀྲང་འཇིགས་མེད་བསྟན་འཛིན་གྱིས་བཤད།

    ཧྲང་ཧའེ་གྲོང་ཁྱེར་གྱི་རོགས་སྐྱོར་འོག་ཆེད་མངགས་ཞིང་འབྲོག་ཁུལ་གྱི་ཕྲུ་གུ་སློབ་གྲྭར་སྐྱོད་དཀའ་བའི་དཀའ་ངལ་ཐག་གཅོད་བྱེད་པའི་སློབ་གྲྭ་ཞིག་ཟི་ལིང་དུ་སྐྲུན་འགོ་ཚུགས་པ་སྟེ། 2017ལོའི་ཟླ་7ཚེས་21ཉིན་རྩིག་རྨང་བཏིང་བ་དང་། 2019ལོའི་ཟླ་9ཚེས་1ཉིན་དངོས་སུ་སློབ་འགོ་ཚུགས་ཡོད། དེར་ཚད་ལྡན་ཅན་གྱི་ལུས་རྩལ་ཐང་དང་། བརྒྱུད་ལམ་སྣ་མང་སློབ་ཁང་། རྒྱ་ཆེ་ལ་གཙང་སྦྲ་དོད་པའི་ཟ་ཁང་། ཉལ་ཁང་། དཔེ་མཛོད་ཁང་། ཚན་རྩལ་ཁང་སོགས་ཡོད། ཆ་སྙོམས་ས་བབ་མཐོ་ཚད་སྨི་4200ལྷག་ཙམ་གྱི་མགོ་ལོག་ཀྲོའུ་ནས་ཡོང་བའི་ཕྲུ་གུ་ཚོར་ཟི་ལིང་དུ་སློབ་གྲྭ་ཡོད་ལ། ཁྱིམ་ཚང་ཡང་ཡོད་པ་རེད།

    མཁྲེགས་ཆས་བཀོད་སྒྲིག་བྱས་མོད། འོན་ཀྱང་སློབ་ཁྲིད་ཐད་ད་དུང་འགྲན་སློང་མི་ཉུང་བ་ཞིག་འཕྲད་ཡོད།

    མགོ་ལོག་ཀྲོའུ་ཡི་གནམ་གཤིས་གྲང་ངར་ཆེ་བའི་དབང་གིས་ཤང་མང་པོར་ལྗོན་ཤིང་སྐྱེ་གི་མེད། “རྒྱ་ལྕང་རླུང་བུས་ལིང་ལིང་དུ་གཡོ”ཞེས་པར་ཕྲུ་གུ་ཚོས་གོ་བ་ལེན་ཐབས་བྲལ་ཅིང་། “ཁོང་ཚོས་རྒྱ་ལྕང་མཐོང་མྱོང་མེད་པས‘ལྕང་བལ’ཞེས་པའི་ཐ་སྙད་དེ་བས་རྟོགས་ཐབས་བྲལ། དེས་ན་ང་ཚོས་ཕྲུ་གུ་ཚོའི་ཆེས་རྒྱུན་མཐོང་གི་བྱ་དངོས་དཔེར་བཞག་ནས་འགྲེལ་བཤད་རྒྱག་པ་མ་ཟད། ཤེས་མིན་སྐད་ཆ་ཐེངས་མང་འདྲི་དགོས་ཀྱི་འདུག”ཅེས་ཁྲེན་ཆིང་གིས་བཤད།

    ཆ་རྐྱེན་བཟང་པོ་ལས་ཕྲུ་གུ་ཚོའི་སྦྱངས་འབྲས་ལེགས་སུ་ཤུགས་ཆེན་ཕྱིན་པ་དང་སྙིང་ཉེ་བའི་རོགས་རམ་ལས་ཕྲུ་གུ་ཚོས་དྲོ་སྐྱིད་ཚོར་ཐུབ་པ་བྱུང་ཡོད། ཆུང་དུས་ནས་ནང་མི་དང་མཉམ་དུ་དབྱར་དགུན་གྱི་རྩྭ་རར་སྐྱས་སྤོས་ནས་འཚོ་བ་སྐྱེལ་བའི་ཡེ་ཤེས་ཚེ་རིང་གྲང་ངར་ཆེ་བའི་གནམ་གཤིས་ལ་འཚེར་སྣང་ཤིན་ཏུ་ཆེ་མོད། འོན་ཀྱང་ད་ཆ་དགུན་དུས་ཉལ་ཁང་དུ་དྲོད་རླངས་ཡོད་སྟབས་མལ་ཆས་སྲབ་པོ་ཞིག་གྱོན་རུང་འཁྱག་གི་མེད། “ཟི་ལིང་དུ་སླེབས་རྗེས་མཐོང་རྒྱ་ཆེ་རུ་ཕྱིན་སོང་། རྒན་ལགས་ཚོས་སློབ་ཚན་སྣ་ཚོགས་ཁྲིད་པ་བརྒྱུད་ང་ཚོ‘ས་ཆ་མང་པོ་ཞིག་ཏུ་སླེབས་བྱུང་ལ་མི་མང་པོ་ཞིག་ཀྱང་ངོ་ཤེས་བྱུང’”ཞེས་བཤད།

    སློབ་སྐྱོར་དགེ་རྒན་གྱིས་དོ་དམ་ལས་གནས་ཀྱི་འགན་་གཅིག་ལྕོགས་འཁུར་ནས“ནམ་ཡང་གནས་ཐུབ་པའི་དཔུང་ཁག”ཅིག་འཇོག་གང་ཐུབ་བྱས་པ།

    ཉིན་དགུང་འཆར་ཉེར་ཡོད་རུང་སློབ་གྲྭའི་དཔེ་མཛོད་ཁང་ནང་མུ་མཐུད་སློབ་ཁྲིད་བགྲོ་གླེང་བྱེད་བཞིན་ཡོད།

    “མི་ཚང་མས་བརྒྱུད་རིམ་རྙོག་དྲ་ཚ་པོ་བརྒྱུད་མི་དགོས། སྔ་སྣུར་ནས་སློབ་ཁྲིད་ཀྱི་ནང་དོན་ལ་རྒྱུས་མངའ་ལོན་པ་དང་། ཅི་ཞིག་སློབ་པ་དང་ཇི་ལྟར་སློབ་དགོས་མིན་འཆར་འགོད་བྱས་ཚེ། འཆད་སྟེགས་ཐོག་གདེང་ཚོད་ཆེན་པོས་སློབ་ཁྲིད་བྱེད་ཐུབ”སྐད་ཤུགས་ཅུང་ནན་པོ་ཡོད་པ་ནི་མཐོ་འབྲིང་ལོ་རིམ་གསུམ་པའི་རྫས་འགྱུར་དགེ་རྒན་ཁྲེན་ཝུའེ་ཡིན་པ་རེད། ཁོང་གིས་མཐོ་འབྲིང་ལོ་རིམ་གཉིས་པའི་རྫས་འགྱུར་དགེ་རྒན་པའེ་ཡུས་ཧྥང་གི་སློབ་ཁྲིད་འཆར་གཞིར་དག་བཅོས་བྱེད་བཞིན་ཡོད་པ་རེད།

    ལོ་20ལྷག་ཙམ་གྱིས་སློབ་ཁྲིད་ཀྱི་ཉམས་མྱོང་ཡོད་པའི་ཁྲེན་ཝུའེ་ནི་ཧྲང་ཧའེ་གྲོང་ཁྱེར་གྱི་ཁག་ལྔ་པའི་མཚོ་སྐྱོར་ལས་བྱེད་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”སློབ་གསོའི་རོགས་སྐྱོར་ཚོགས་པའི་ཁོངས་མི་ཡིན་པ། པའེ་ཡུས་ཧྥང་ནི་ལས་ཀ་བྱས་ནས་ལོ་གཅིག་ཕྱིན་མ་ཐག་རེད། ཁོང་ཚོ་ལས་རོགས་ཡིན་ལ་དགེ་སློབ་ཀྱང་རེད།

    “སློབ་གྲྭར་དགེ་རྒན་62ཡོད་པའི་ཆ་སྙོམས་ལོ་ཚད་ལོ་སུམ་ཅུ་ལྷག་ཙམ་ཡིན་པ་དང་དགུ་བཅུའི་ནང་སྐྱེས་ཀྱིས་མང་ཆེ་བ་བཟུང་ཡོད། མ་གཞི་ཁོང་ཚོའི་སློབ་ཁྲིད་དང་དོ་དམ་གྱི་ཉམས་མྱོང་འདང་གི་མེད་མོད། འོན་ཀྱང་ཁོང་ཚོ་བྱ་དངོས་གསར་པ་དང་ལེན་བྱེད་མགྱོགས་ལ་གསོན་ཤུགས་ཀྱི་དཔལ་འབར་བ་ཤ་སྟག་རེད”ཐག་རིང་ནས་ཡོང་བའི་ཁྲེན་ཝུའེ་ཡིས་སྔ་ས་ནས་རང་ཉིད་དེ་གའི་གྲས་ཤིག་ཏུ་བརྩི་བ་མ་ཟད། ད་དུང་མཚོ་སྔོན་གྱི་ཡུལ་སྐད་ཚིག་རེ་གཉིས་ཤོད་ཤེས་ཀྱི་ཡོད། “ཕྲུ་གུ་ཚོའི་སློབ་སྦྱོང་གི་རྨང་གཞི་བལྟོས་བཅས་ཀྱིས་ཞན་ཙམ་ཡོད་པས་ང་ཚོས་ཞིབ་ཚགས་པོས་སློབ་དགོས་ཀྱི་འདུག”ཅེས་བཤད།

    ཧོང་ཕུའུ་གཙང་འགྲམ་ནས་ཙོང་ཆུའི་འགྲམ་བར་སློབ་སྐྱོར་ལ་ཡོང་མཁན་ཁྲེན་ཝུའེ་དང་མཉམ་དུ་ད་དུང་ལས་རོགས་6ཡོད། དེ་གའི་ས་བབ་དང་གནམ་གཤིས་ལ་འཕྲོད་པོ་དེ་ཙམ་མེད་པས། ཚང་མ་གཉིད་ཡག་པོ་ཁུག་མི་ཐུབ་པར་མ་ཟད། སྙིང་དབྱུགས་ཤུགས་ཀྱང་ཆེན་པོ་ཡོད་མོད། འོན་ཀྱང་ལས་ཀའི་ཐད་ཚད་གཞི་དམའ་རུ་གཏོང་མཁན་མེད། “ང་ཚོས་ཧྲང་ཧའེ་ཡི་ཕུལ་བྱུང་སློབ་ཁྲིད་ཀྱི་གྲུབ་འབྲས་དང་ཉམས་མྱོང་དཔྱད་གཞིར་བཟུང་ནས་དགེ་རྒན་གྱི་ལས་རྗེས་གླ་ཕོགས་དཔྱད་ཞིབ་དང་སློབ་མའི་རྒྱུན་གཏན་གྱི་དོ་དམ་སོགས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ཁར། ཧྲང་ཧའེ་ཡི་སློབ་སྐྱོར་དགེ་རྒན་གྱིས་སློབ་ཁྲིད་ཞོར་དུ་དོ་དམ་ལས་གནས་ཀྱི་འགན་གཅིག་ལྕོགས་སུ་ཁུར་དུ་བཅུག་སྟེ། ‘ནམ་ཡང་གནས་ཐུབ་པའི་དཔུང་ཁག’ཅིག་འཇོག་གང་ཐུབ་བྱེད་ཀྱི་ཡོད”ཅེས་ཧྲང་ཧའེ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་ཞོར་གཏོགས་གསོག་ནུས་སློབ་འབྲིང་ནས་ཡིན་པའི་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་གི་སློབ་སྤྱིའི་འགན་འཁུར་བ་ཁྲང་ཐུའུ་ཡིས་ངོ་སྤྲོད་བྱས།

    སློབ་སྐྱོར་ནི་སློབ་ཁྲིད་ནུས་པར་སྐུལ་ཁྲིད་བྱེད་པ་ཞིག་ཡིན་ལ་ཕྱི་ཕྱོགས་ཀྱི་ཐོན་ཁུངས་ནང་འདྲེན་བྱེད་པ་ཞིག་ཀྱང་རེད། 2018ལོའི་ཟླ་8པར་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་ཧྲང་ཧའེ་གྲོང་ཁྱེར་ཧོང་ཕུའུ་ཆུས་ཏ་ཐུང་སློབ་གསོའི་ཚོགས་པར་ཞུགས་རྗེས་ཧོང་ཕུའུ་ཆུས་སློབ་གསོ་ཅུས་ཀྱིས་སྔ་རྗེས་སུ་རིགས་གཅིག་མཁས་ཅན་80ཁག་16ལ་དབྱེ་ནས་མགོ་ལོག་ཏུ་མངགས་ཡོད། འདི་ལོའི་ཟླ་6པར་སློབ་གྲྭའི་དགེ་རྒན་10ཏ་ཐུང་སློབ་གསོ་ཚོགས་པས་བཙུགས་པའི་དགེ་རྒན་གྱི་མཉམ་འབྲེལ་སློབ་དཔྱོད་ལས་དོན་ཁང་དུ་ལས་གནས་རྗེས་སྙེག་གསོ་སྦྱོང་བྱས་ནས་ཕྱོགས་རྐྱང་པའི་སློབ་སྐྱོར་དེ་ཕྱོགས་གཉིས་པོའི་སྤེལ་རེས་སུ་གྱུར་བར་བྱས་ཡོད།

    “ཚོགས་སྒྲིག་རྣམ་པའི”སློབ་གསོའི་རོགས་སྐྱོར་ཚོགས་པའི་ལས་ཀའི་ངེས་གནས་རྒྱུན་ཆད་མེད་པར་གསལ་དུ་ཕྱིན་པ་དང་ཆབས་ཅིག ནུས་པ་ཡང་སྔར་བས་མངོན་གསལ་དོད་དུ་སོང་ཡོད། “འདི་ལོ་མཐོ་རྒྱུགས་ལ་ཞུགས་མཁན་སློབ་མ་126ཡོད་པ་དང་། དངོས་གཞིའི་ཚན་ཁག་ནང་ཚུད་མཁན་སློབ་མ་90ཟིན་པ་དང་སྐར་གྲངས་ལོན་ཚད་71.43%ཟིན་ཡོད། དངོས་གཞིའི་ཚན་ཁག་གི་དུས་མཚམས་དང་པོར་ཚུད་མཁན་སློབ་མ་69ཟིན་པ་དང་སྐར་གྲངས་ལོན་ཚད་54.76%ཟིན་ཡོད”ཅེས་ཁྲང་ཐུའུ་ཡིས་སྤོབས་པ་ཆེན་པོས་བཤད།

    ཕྱི་དྲོའི་ཆུ་ཚོད་3པར་སྙན་འཇེབས་ལྡན་པའི《མཛའ་གྲོགས་ནམ་ཡང་གནས》ཞེས་པའི་རོལ་དབྱངས་ཀྱི་འགྱུར་ཁུག་དང་བསྟུན་ནས་གསར་འགོད་པ་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་གི་སློབ་ཁང་ཞིག་ཏུ་སླེབས་སྐབས། “ཚོགས་སྒྲིག་རྣམ་པའི”སློབ་གསོའི་རོགས་སྐྱོར་ཚོགས་པའི་རོལ་དབྱངས་དགེ་རྒན་ཁན་ཡན་ཅུན་གྱི་བཀོད་འདོམས་འོག་དམའ་འབྲིང་ལོ་རིམ་གཉིས་པའི་ཕྲུ་གུ་15ཡིས་རོལ་ཆ་དཀྲོལ་བཞིན་འདུག

    “འདི་ནི་ང་ཚོས་གཟའ་འཁོར་རེར་ཐེངས་རེ་གཉེར་བའི་རོལ་དབྱངས་སློབ་ཚན་རེད”དཀྲོལ་གཏོང་མཇུག་འགྲིལ་རྗེས་ཁན་ཡན་ཅུན་གྱིས་སྤྲོ་སེམས་འཁོལ་པོས“འབྲོག་ཁུལ་གྱི་ཕྲུ་གུ་ཚོར་རོལ་དབྱངས་ཐད་ལྷན་སྐྱེས་ཀྱི་ཤེས་རབ་འདུག མ་གཞི་སློབ་ཚན་དེ་སློབ་དུས་གཅིག་ལས་ཚུགས་མེད་མོད། འོན་ཀྱང་ཕྲུ་གུ་ཚོས་རོལ་དབྱངས་ཁག་བཅུ་གྲངས་དཀྲོལ་ཤེས་ཀྱི་ཡོད་པས། སློབ་སྐྱོར་ཚོགས་པས་ལེགས་ཆ་བཏོན་ནས་ཧྲང་ཧའེ་རོལ་དབྱངས་སློབ་གླིང་དང་མཉམ་ལས་བྱས་ཏེ་རོལ་དབྱངས་ཚོགས་པ་བཙུགས་པ་རེད”ཅེས་ངོ་སྤྲོད་བྱས།

    འདི་ལོ་ལོ་13ལ་སླེབས་པའི་བུ་མོ་རྣམ་རྒྱལ་དབང་མོ་ནི་མགོ་ལོག་ཀྲོའུ་རྨ་ཆེན་རྫོང་རྟ་བོ་ཞལ་མ་ཤང་ནས་ཡིན་ཞིང་། ཁོ་མོས“ཁྱིམ་དུ་ལོག་རིམ་བཞིན་ཨ་མ་དང་གཅུང་པོས་ངའི་སློབ་གྲྭའི་འཚོ་བའི་སྐོར་ཉན་རྒྱུར་ཧ་ཅང་དགའ་པོ་བྱེད་ཀྱི་འདུག རྗེས་མར་ངས་གསར་དུ་སྦྱངས་པའི་རོལ་དབྱངས་ཁོང་ཚོར་དཀྲོལ་གྱི་ཡིན”ཞེས་བཤད།

    ཚང་མས་སློབ་གསོ་ནི་ཡར་སྐུལ་དང་བློ་སེམས་འཕེལ་བ་བྱ་རྒྱུ་དེ་ཡིན་ཞེས་བརྗོད་ཀྱི་ཡོད་མོད། འོན་ཀྱང་ཁན་ཡན་ཅུན་དང་ཝང་ཧུའེ་ཡུན་གཉིས་ཀྱི་ངོས་ནས་བརྗོད་ན། དེ་ཡང་ཕན་ཚུན་སྤེལ་རེས་བྱེད་པའི་བརྒྱུད་རིམ་ཞིག་རེད། “ང་ཚོས་ཕྲུ་གུ་ཚོར་ཤེས་བྱ་སློབ་ཀྱི་ཡོད། ཕྲུ་གུ་ཚོས་ཀྱང་ང་ཚོའི་ཡིད་དབང་འགུག་གི་འདུག ཆུང་དུས་ནས་རྩྭ་ཐང་དུ་འཚར་ལོངས་བྱུང་བའི་ཕྲུ་གུ་ཚོ་བབ་ཆགས་པ་དང་སྤྲོ་སེམས་ལྡན་པས་ཁོང་ཚོ་དང་མཉམ་དུ་ཧ་ཅང་སྐྱིད་པོ་འདུག”ཅེས་ཁན་ཡན་ཅུན་གྱིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།