དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེས་བརྗོད་དོན།

    “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱིས་འཛམ་གླིང་གི་དམངས་ཚོགས་དུང་ཕྱུར་བཅུ་ཕྲག་ལ་རེ་བ་དང་ཡར་རྒྱས་ཀྱི་གོ་སྐབས་བྱིན་ཡོད།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2023-10-21

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིས“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པའི་འགོ་ཚུགས་མཛད་སྒོར“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱིས་འཛམ་གླིང་གི་དམངས་ཚོགས་དུང་ཕྱུར་བཅུ་ཕྲག་ལ་རེ་བ་དང་ཡར་ཐོན་གྱི་གོ་སྐབས་བྱིན་ཡོད་ཅེས་བརྗོད་པ་རེད།

    ཀུ་ཐེ་ལེ་སིས་ཤིས་ཚིག་སྒྲོན་སྐབས་རྨང་གཞིའི་སྒྲིག་བཀོད་མེད་ན་འཕེལ་རྒྱས་མེད། མིག་སྔར་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མི་དུང་ཕྱུར་བཅུ་ཕྲག་ལ་སྔར་བཞིན་རྨང་གཞིའི་སྒྲིག་བཀོད་མི་འདང་བ་ནི་སྐབས་འདིའི“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་དང་དེ་བཞིན“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོའི་གལ་ཆེའི་རང་བཞིན་གནས་ས་དེ་རེད་ཅེས་བརྗོད་པ་རེད།

    ཁོང་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོའི་སྐུལ་འདེད་འོག་རྒྱལ་ཁབ་ཁག་ལ་རྨང་གཞིའི་སྒྲིག་བཀོད་ཁྱབ་ཁོངས་སུ་གོ་སྐབས་དེ་བས་མང་བ་ཐོབ་པ་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་དམིགས་ཚད་དོན་འཁྱོལ་མགྱོགས་སུ་ཕྱིན་ཡོད། “དེས་མང་ཚོགས་དུང་ཕྱུར་བཅུ་ཕྲག་དང་དེ་བཞིན་ང་ཚོས་མཉམ་སྤྱོད་བྱེད་པའི་སའི་གོ་ལར་རེ་བ་དང་ཡར་རྒྱས་ཀྱི་གོ་སྐབས་བྱིན་ཡོད”ཅེས་བརྗོད་པ་རེད།

    ཀུ་ཐེ་ལེ་སིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོའི་རམ་འདེམས་འོག་རྒྱལ་སྤྱིའི་སྤྱི་ཚོགས་ལ“ལོ་རྒྱུས་རང་བཞིན་གྱི་གོ་སྐབས”འཕྲད་པ་དང་། མཉེན་ཤུགས་དང་རྒྱུན་མཐུད་ཆོག་པ་ལྟེ་བར་བྱེད་པའི་དེང་རབས་ཀྱི་སྔོ་ལྗང་གྲོང་ཁྱེར་དང་། སྡེ་ཁུལ། འགྲིམ་འགྲུལ། གློག་ཤུགས་བཅས་ཀྱི་མ་ལག་བཏོད་པ་མ་ཟད། རྒྱུན་མཐུད་ཆོག་པའི་རྣམ་པར་བརྟེན་ནས་མི་ཚོར་ཞབས་འདེགས་ཞུ་བ་དང་ལས་ཞུགས་ཀྱི་གོ་སྐབས་མཁོ་འདོན་བྱས་ཡོད་པའི་ངོས་འཛིན་བྱས་པ་རེད།

    ཀུ་ཐེ་ལེ་སིས་ད་དུང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དཔལ་འབྱོར་རྒྱུན་མཐུད་ཆོག་པའི་རང་བཞིན་ཆེ་རུ་གཏོང་ཐུབ་པ་མ་ཟད། ད་དུང་ཁོར་ཡུག་རྒྱུན་མཐུད་ཆོག་པའི་རང་བཞིན་ལ་ཤུགས་སྣོན་རྒྱག་ཆེད་ལེགས་སྐྱེས་འབུལ་ཐུབ་ཅེས་བརྗོད་པ་རེད། ཁོང་གིས“སྔོ་ལྗང་དར་ལམ”སྐྲུན་པའི་ཐད་འབད་བརྩོན་བྱས་པར་ཚད་མཐོའི་བསྔགས་བརྗོད་བྱས་པ་དང་འབྲེལ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མུ་མཐུད་རྒྱབ་སྐྱོར་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།