རབ་པ་གྲོང་ཚོར་བཅའ་སྡོད་ཆབ་མདོ་གྲོང་ཁྱེར་ཆུ་བེད་ཅུས་ཀྱི་ལས་དོན་རུ་ཁག་གིས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་བསལ་བ།
དཔའ་ཤོད་རྫོང་གླ་སྐེ་ཤང་རབ་པ་གྲོང་ཚོ་ནི་དཔའ་ཤོད་རྫོང་གི་ཤར་ལྷོའི་མཚམས་སུ་གནས་ཤིང་། དཔའ་ཤོད་རྫོང་གྲོང་དང་བར་ཐག་སྤྱི་ལེ་12དང་ཤང་སྲིད་གཞུང་དང་བར་ཐག་སྤྱི་ལེ་2ཡོད། གྲོང་ཚོ་ཨུ་ལྷན་བཅའ་སྡོད་བྱ་ཡུལ་གྱི་ས་བབ་མཐོ་ཚད་སྨི་3200ཙམ་ཟིན་པ་དང་གྲོང་ཚོ་ཡོངས་སུ་ད་ཆ་རྨོ་ཞིང་མུའུ་214.78ཟིན་པར་གཙོ་བོ་ནས་དང་། གྲོ། བྲ་བོ། པད་ཁ། ཀུ་ཤུ། སྟར་ཁ། ལི། ཁམ་བུ་སོགས་འབྲུ་རིགས་དང་དཔལ་འབྱོར་སྐྱེ་དངོས་འདེབས་བཞིན་ཡོད།
རབ་པ་གྲོང་ཚོའི་རྨོ་ཞིང་དག་གླིང་ཆུ་གཙང་པོའི་ངོགས་ཀྱི་གཡས་གཡོན་དུ་གནས་པ་དང་གཡོན་ངོགས་ཀྱི་རྨོ་ཞིང་མུའུ་170ཙམ་ཟིན་པ་དེའི་ཞིང་ཆུ་འདྲེན་པའི་གནད་དོན་ཐེངས་རིམ་བྱུང་གི་ཆུ་བེད་རྣམ་གྲངས་བརྒྱུད་ཐག་གཅོད་ཐུབ་ནས་མིག་སྔར་ལོ་ཏོག་གི་སྐྱེ་འཚར་ཡག་པོ་ཡོད་པ་དང་། གཡས་ངོགས་ཀྱི་རྨོ་ཞིང་མུའུ་30ལྷག་ཙམ་དང་ཐང་རྒོད་མུའུ་30ལྷག་ཙམ་གྱི་ཉེ་འགྲམ་དུ་ཆུ་ཁུངས་མེད་པས་ཞིང་ཆུ་འདྲེན་ཐབས་མེད་རྐྱེན་གནམ་ཆུ་སྒུག་དགོས་ཀྱི་ཡོད།
གླིང་ཆུ་གཙང་པོའི་གཡས་ངོགས་ཀྱི་རྨོ་ཞིང་མུའུ་30ལྷག་ཙམ་དང་ཐང་རྒོད་མུའུ་30ལྷག་ཙམ་ལ་ཞིང་ཆུ་འདྲེན་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱ་ཆེད། རབ་པ་གྲོང་ཚོར་བཅའ་སྡོད་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ཆུ་བེད་ཅུས་ཀྱི་ལས་དོན་རུ་ཁག་གིས་རྫོང་ཆུ་བེད་ཅུས་སོགས་སྡེ་ཚན་ལ་སྙན་སེང་ཧུར་ཐག་ཞུས་པ་དང་འབྲེལ་བ་ཧུར་ཐག་བྱས་མཐར། རྫོང་ཆུ་བེད་ཅུས་ཀྱིས་PE110གྱི་མདོང་ལམ་སྨི་600ཐག་གཅོད་བྱས་པ་དང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོའི“ཨུ་ལྷན་གཉིས”དང་གྲོང་མི་སྒྲིག་འཛུགས་ཀྱིས་མདོང་ལམ་ལ་ཚ་ལ་རྒྱག་པ་དང་། གཅོད་སྒོ་སྒྲིག་སྦྱོར། མདོང་ལམ་འདིང་བ་སོགས་ཀྱི་ལས་དོན་སྤེལ་བས། མིག་སྔར་རྨོ་ཞིང་མུའུ་30ལྷག་ཙམ་དང་ཐང་རྒོད་མུའུ་30ལྷག་ཙམ་ལ་ཞིང་ཆུ་འདྲེན་པའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་སྟེ། ཡུལ་མི་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབ་ཡོད།
གོམ་སྟབས་རྗེས་མར། རབ་པ་གྲོང་ཚོར་བཅའ་སྡོད་ཆབ་མདོ་གྲོང་ཁྱེར་ཆུ་བེད་ཅུས་ཀྱི་ལས་དོན་རུ་ཁག་གིས་གྲོང་ཚོར་བཅའ་སྡོད་ཀྱི་ཆུ་བེད་ལས་རིགས་ཀྱི་ནུས་པ་མུ་མཐུད་བཏོན་ཏེ། “གཞི་གཅིག་ཅན་དྲུག”གི་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་པ་དང་། གྲོང་གསེབ་གསར་པའི་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྱོང་། རིག་གནས་འཛུགས་སྐྱོང་། སྤྱི་ཚོགས་འཛུགས་སྐྲུན། གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་བཅས་ལ་ཧུར་ཐག་ཞུགས་ནས། ཆུ་བེད་དབུལ་སྐྱོར་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་ཀྱི་ཆུ་བེད་འགན་ལེན་དང་འབྲེལ་མཐུད་ནུས་ལྡན་བྱེད་རྒྱུ་རེད།