དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • རྨ་ཆུའི་འགྲམ་དུ་ལོ་ལེགས་གླེང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། གཡང་ཕྱུག་ཟླ་སྒྲོན།   |     སྤེལ་དུས།  2023-10-20

    མིག་སྔར་གཟན་ཆག་ཨ་ཤོམ་བསྡུ་བའི་དུས་ཚིགས་སུ་སླེབས་ཡོད། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཁྲི་ཀ་རྫོང་གི་གང་སར་གཟན་ཆག་ཨ་ཤོམ་བསྡུ་བའི་འཁྲུག་ཆ་དོད་པའི་རྣམ་པས་ཁེངས་ཤིང་། ལོ་ལེགས་ཀྱི་དགའ་སྤྲོའི་རྣམ་པས་ཕྱུག

    ཁྲི་ཀ་རྫོང་ཆུ་ཤར་ཤང་ཝང་ཐུང་གྲོང་ཚོའི་ཞིང་ཁར་སྐྱོད་སྐབས་འཕྲུལ་འཁོར་གྱི་ལྡིར་སྒྲ་དང་འགྲོགས་ནས་ཝང་ཐུང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཅ་ལིན་གྱིས་བཙས་འཁོར་བཏང་ནས་བརྔ་བརྡུའི་ལས་ལ་བྲེལ་བཞིན་དུ“གནམ་གཤིས་ཡག་པོ་བསྟན་པ་དང་བསྟུན་ནས་ང་ཚོས་དུས་ཚོད་དམ་འཛིན་གྱིས་བརྔ་བསྡུ་བྱས་ན་ལེགས། འདི་ལོའི་ཐོན་འབབ་ཧ་ཅང་ཡག་པོ་འདུག”ཅེས་ཅ་ལིན་གྱིས་བཤད།

    ཝང་ཐུང་གྲོང་ཚོ་གནས་སའི་ཁྲི་ཀ་རྫོང་ནི་རྨ་ཆུའི་སྟོད་རྒྱུད་དུ་གནས་ཤིང། ས་མཐོའི་སྔོ་ལྗང་མཛེས་ལྗོངས་ཁུལ་ཞེས་འབོད་ཀྱི་ཡོད། ས་ཁོངས་ནང་གི་རྨ་ཆུར“གནམ་འོག་གི་རྨ་ཆུ་ཁྲི་ཀར་དྭངས”པའི་མཚན་སྙན་ཐོབ་ཡོད། འོན་ཀྱང་སྔོན་ཆད་འདི་ན་རྨ་ཆུ་རྒྱུག་རུང་ཆུ་སྤྱོད་ཁག་པོ་ཡོད།

    “སྔོན་ཆད་གྲོང་ཚོའི་ཞིང་ནང་དུ་ཞིང་ཆུ་འདྲེན་སྐབས་གྲོང་ཚོའི་ཉེ་འགྲམ་གྱི་ཆུ་བོ་ཁོ་ནར་རྟེན་དགོས་པས་སྟབས་བདེ་པོ་མེད”གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་པི་ཧྲེང་ལུང་གིས་2019ལོར་ལ་ཟེ་བའི་ཞིང་ཆུ་འདྲེན་པའི་འདུ་འགོད་ལག་ལེན་བསྟར་བ་དེས་ཝང་ཐུང་གྲོང་ཚོ་ཚུད་པའི་སྲིད་འཛིན་གྲོང་ཚོ་87ལ་ཞིང་ཆུ་འདྲེན་པའི་གནད་དོན་ཐག་གཅོད་ཐུབ་ཡོད་ཅེས་ངོ་སྤྲོད་བྱས་ཤིང་། ཁོང་གིས“ལ་ཟེ་བ་ཞིང་ཆུ་འདྲེན་པའི་ལས་གྲྭས་ཁྲི་ཀའི་མི་དམངས་ཀྱིས་རྨ་ཆུའི་ཕན་ནུས་མྱོང་ཐུབ་ཡོད”ཅེས་བཤད།

    ཝང་ཐུང་གྲོང་ཚོར་ཆ་སྙོམས་ས་བབ་མཐོ་ཚད་སྨི་2200ཟིན་པ་དང་གྲོང་ཚོ་ཡོངས་སུ་དུད་ཚང་ཁྱོན་572དང་མི་2236ཡོད། 2017ལོར་གྲོང་ཚོ་ཨུ་ལྷན་གཉིས་ཀྱི་སྐབས་བརྗེའི་འདེམས་བསྐོའི་སྐབས་གྲོང་གསེབ་དར་རྒྱས་གཏོང་བར་ངེས་པར་དུ་འཇོན་ཐང་ཅན་ཡོད་དགོས་ཞེས་བཏོན་པས། ཁྲི་ཀ་རྫོང་གྲོང་དུ་ཨར་པོའི་ཚོང་ལས་བྱེད་མཁན་ཅ་ལིན་གྲོང་ཚོ་ཨུ་ལྷན་གྱི་ཁོངས་མིར་བདམས་པ་རེད།

    “སྔོན་ཆད་ང་ཞིང་ལས་ལ་བྱང་ཆུབ་པོ་ཡོད་པས་ཚང་མའི་སྣེ་ཁྲིད་དེ་འབབ་འཕར་ཕྱུག་འགྱུར་ཡོང་བའི་ཡིད་ཆེས་ཡོད”ཁོང་གྲོང་ཚོར་སླེབས་པའི་ལོ་གཉིས་པ་ནས་བཟུང་། རང་ཉིད་ཀྱིས་བྱང་ཆུབ་པའི་ཞིང་ལས་བྱེད་འགོ་ཚུགས། སྐབས་དེ་དུས་གྲོང་ཚོར་ས་རྒོད་མང་པོ་ཡོད་པས་ཅ་ལིན་གྱིས་ས་རྒོད་དེ་དག་ས་ཞིང་དུ་འགྱུར་ཐུབ་མིན་ལ་བསམ་བློ་བཏང་། “ངས་མུའུ་100ཡི་སར་གཟན་ཆག་ཨ་ཤོམ་ཚོད་འདེབས་བྱས་པ་ཡིན། ལོ་དང་པོར་ཡོང་འབབ་སྒོར་ཁྲི་4རག་བྱུང”དེ་རྗེས་ཅ་ལིན་གྱིས་རང་ཁྱིམ་གྱི་ས་ཞིང་མུའུ་6ཚང་མ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་མ་རྐང་བཞག་པ་རེད།

    གྲོང་ཚོས“རྩ་འཛུགས་ཀྱིས་སྣེ་ཁྲིད་དང་། ཏང་ཡོན་གྱིས་སྐུལ་ཁྲིད། ཐོན་ལས་དར་བ”བཅས་ཀྱི་བྱེད་ཐབས་བཏོན་ནས་མ་རྐང་དཔལ་འབྱོར་མཉམ་ལས་ཁང་བཙུགས་ཏེ་གྲོང་མིར་ས་ཞིང་མ་རྐང་ལ་ཞུགས་པར་ལྕག་སྐུལ་བྱས་རུང་། “གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱིས་ཡོང་འབབ་བགོ་ཐུབ་བམ”དང་། “གལ་སྲིད་མ་རྩ་བརྡིབས་ཚེ་ཇི་ལྟར་བྱེད་དགོས་སམ” “ཁྲོམ་རའི་མདུན་ལམ་ཡག་པོ་ཡོད་དམ”དེ་ལྟར་གྲོང་མི་མང་པོ་ཞིག་མ་རྐང་ལ་ཞུགས་འདོད་མེད་པ་དང་བབ་ལྟའི་རྣམ་འགྱུར་འཛིན་མཁན་ཡང་མང་པོ་ཡོད་ཅེས་པི་ཧྲེང་ལུང་གིས་ངོ་སྤྲོད་བྱས།

    དཀའ་ངལ་དེ་དག་ལ་ཁ་གཏད་གཅོག་སྐབས་གྲོང་ཚོའི་ལས་བྱེད་པས་སྣེ་ཁྲིད་དེ་མ་རྐང་ལ་ཞུགས་པ་དང་། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིས་མུའུ་4མ་རྐང་ལ་ཞུགས་པ་དང་གྲོང་ཚོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་རེན་གྱིས་མུའུ་6མ་རྐང་ལ་ཞུགས་པ་སོགས་གྲོང་ཚོའི་གྲོང་མི་བསྐོངས་ནས་སྐུལ་སློང་ཚོགས་འདུ་འཚོགས་པ་མ་ཟད། ད་དུང་དུད་ཚང་རེ་རེར་བསྐྱོད་དེ་བསམ་བློའི་སློབ་གསོ་བརྒྱབ། ཚང་མས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་གྲོང་ཚོའི་དུད་ཚང་180སྔ་རྗེས་སུ་མ་རྐང་ལ་ཞུགས་པ་རེད། 2021ལོའི་ལོ་མཇུག་ཏུ་གྲོང་ཚོ་ཡོངས་ཀྱི་ས་ཞིང་མུའུ་500མ་རྐང་ལ་ཞུགས་པ་དང་། 2022ལོར་མུའུ་800བར་མང་དུ་ཕྱིན་པ། 2023ལོའི་ལོ་སྟོད་ནས་ད་བར་ས་ཞིང་མུའུ་1200མ་རྐང་ལ་ཞུགས་ཡོད་པ་རེད།

    ས་ཞིང་ཡོད་རུང་ཡང་སྙིང་གང་ཞིག་བཏབ་ན་ལེགས་སམ། ཝང་ཐུང་གྲོང་ཚོའི་གདམ་ག་ཡག་ཤོས་ནི་གཟན་ཆག་ཨ་ཤོམ་འདེབས་པ་འདི་རེད། “དོ་དམ་བྱེད་བདེ་བ་དང་། དུས་འཁོར་ཐུང་བ། ཕན་འབྲས་ཆེ་བ་བཅས་ཡོད་པ་མ་ཟད། ད་དུང་འབྲུ་རྡོག་འདོན་པ་དང་། ཉི་སྐམ་གཏོང་བ། གསོག་ཉར་སོགས་བྱེད་མི་དགོས་པའི་ཁར་ཁྲོམ་རའང་ཡག་པོ་ཡོད། གྲོང་ཚོས་ད་དུང་ནས་དང་ཨ་ཤོམ་བཏབ་ཡོད་ལ། ང་ཚོས་ཀྱང་ཡུག་པོ་དང་སྲན་མ་སོགས་བཏབ་པས་ཐོན་ཚད་མང་དུ་གཏོང་བར་ཕན་ཐོགས་ཆེན་པོ་བྱུང”ཞེས་ཅ་ལིན་གྱིས་བཤད།

    བསྡོམས་རྩིས་བྱས་པར་གཞིགས་ན། 2022ལོར་ཝང་ཐུང་གྲོང་ཚོའི་ས་ཞིང་མུའུ་རེ་ནས་གཟན་ཆག་ཨ་ཤོམ་ཏུན་4.5ཐོན་ཏེ་ཁྲི་ཀ་རྫོང་དང་ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ཏུ་འཚོང་གི་ཡོད་པས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་51.64ཟིན་ཡོད། ད་ཆ་ཝང་ཐུང་གྲོང་ཚོས“འབྲུ་རིགས་ལ་བརྟེན་ནས་རྩྭ་གསོག་པ་དང་། རྩྭ་ལ་བརྟེན་ནས་ཕྱུགས་གསོ་བ། ཕྱུགས་ལ་བརྟེན་ནས་ལུད་གསོག་པ། ལུད་ལ་བརྟེན་ནས་ཞིང་ས་གཤིན་པ”བཅས་ཀྱི་ཞིང་འབྲོག་ལས་འཁོར་རྒྱུག་འཕེལ་རྒྱས་གཏོང་སྟངས་བཏོད་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་རང་བརྟེན་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།