དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སི་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2023-10-20

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་18ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་མཁན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སི་དང་མཇལ་འཛོམས་གནང་བ་རེད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དེང་གི་འཛམ་གླིང་ལ་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འཇིགས་སྣང་དང་འགྲན་སློང་མང་པོ་འཕྲད་བཞིན་ཡོད་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་འཕེལ་རྒྱས་ཀྱི་གནད་དོན་ལ་དེ་བས་མཐོང་ཆེན་བྱེད་དགོས། ངས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུ་འདོན་དོན་ནི་ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་པའི་ཐབས་ལམ་ཡང་དག་འཚོལ་ཆེད་ཡིན་པ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་འདོན་དོན་ནི་དྲང་ནུས་དེ་བས་མང་བ་གཅིག་སྡུད་དང་གསོག་འཇོག་བྱས་ནས་རྒྱལ་ཁབ་ཁག་གི་ཐུན་མོང་གི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་ལ་རམ་འདེགས་ཀྱིས་རྒྱལ་ཁབ་གང་རུང་ཞིག་རྗེས་སུ་མ་ལུས་པ་བྱེད་ཆེད་ཡིན།

    ཞི་ཅིན་ཕིང་གིས་གསུངས་དོན། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་བཏོན་ནས་ལོ་10སོང་རིང་དངོས་དངོས་རྗེན་རྗེན་གྱི་གྲུབ་འབྲས་མང་པོ་ཐོབ་ནས་དབྱར་མཚོ་རྒྱས་པ་བཞིན་གོང་འཕེལ་འགྲོ་བའི་སྐྱེ་སྟོབས་དང་གསོན་ཤུགས་མངོན་ཡོད། འབྲས་ལྡན་སྡོང་པོས་མ་བོས་ཀྱང་། མི་རྣམས་དེ་ལ་ཤུགས་ཀྱིས་འཁོར་ཅེས་པ་ལྟར“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དེ་དགའ་བསུ་ཆེན་པོ་ཐོབ་པའི་གོ་ལ་ཧྲིལ་པོའི་སྤྱི་པའི་ཐོན་རྫས་དང་རྒྱལ་སྤྱིའི་མཉམ་ལས་ཀྱི་ལས་སྟེགས་སུ་གྱུར་ཡོད། མཉམ་འབྲེལ་རྒྱལ་ཚོགས་ནི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་རོགས་ཟླ་གལ་ཆེན་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་གཞི་དང་མཉམ་དུ་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་བཏང་སྟེ་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་དེ་བཞིན་དྲུང་ཆེ་ཀུ་ཐེ་ལེ་སིའི་ལས་དོན་ལ་རྒྱབ་སྐྱོར་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་གཞི་དང་མཉམ་ལས་བྱེད་པར་ཤུགས་སྣོན་བརྒྱབ་ནས་ཕྱོགས་མང་རིང་ལུགས་དང་འཛམ་གླིང་སྣེ་མང་ཅན་ལ་སྐུལ་འདེད་བཏང་སྟེ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་དེ་བས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།