ཞི་ཅིན་ཕིང་གིས་ཁེན་ནི་ཡའི་ཙུང་ཐུང་ལུའུ་ཐུའོ་དང་མཇལ་འཛོམས་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་18ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་མཁན་ཁེན་ནི་ཡའི་ཙུང་ཐུང་ལུའུ་ཐུའོ་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་ཁེན་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད། ཕྱི་འབྲེལ་བཙུགས་ནས་ལོ་ངོ་60ཡི་རིང་རྒྱལ་ཁབ་གཉིས་པོས་འདྲ་མཉམ་ཀྱི་ལྟ་སྟངས་འཛིན་པ་དང་ཕན་ཚུན་རྒྱབ་སྐྱོར་བྱས་པས། ད་ཆ་ཕན་ཚུན་ཡིད་ཆེས་ཆོག་པའི་གྲོགས་པོ་བཟང་པོ་དང་མཉམ་ལས་གཉིས་ཕན་གྱི་རོགས་ཟླ་བཟང་པོ་རེད། ཉེ་བའི་ལོ་ཤས་རིང་ཀྲུང་ཁེན་རྒྱལ་ཁབ་གཉིས་པོའི་མཉམ་ལས་བརྒྱུད་མོང་ནེ་ལྕགས་ལམ་དང་མོང་པ་ས་ཡི་སྣུམ་གྱི་གྲུ་ཁ་སོགས་རྣམ་གྲངས་འབོར་ཆེན་ཞིག་ལག་ལེན་བསྟར་བ་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོར་ཁེན་ནི་ཡ་རུ་གྲུབ་འབྲས་ལེགས་པོ་ཐོན་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐོབ་སྣང་ཆེ་རུ་ཕྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ཟུར་ཚད་ཐོག་ནས་ཀྲུང་ཁེན་རྒྱལ་ཁབ་གཉིས་པོའི་འབྲེལ་བར་ལྟ་སྟངས་འཛིན་གྱི་ཡོད་པས་ཁེན་ནི་ཡ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཁེན་ནི་ཡས་རང་རྒྱལ་ཁབ་ཀྱི་དོན་དངོས་དང་འཚམ་པའི་དེང་རབས་ཅན་གྱི་འགྲོ་ལམ་རང་བརྟེན་འཚོལ་ཞིབ་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་དང་། ཁེན་ནི་ཡ་ཕྱོགས་དང་མཉམ་དུ་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་སྤེལ་རེས་བྱས་ནས་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱེད་འདོད་ཡོད། ཁེན་ནི་ཡས་ཨ་ཧྥེ་རི་ཁའི་ཞིང་ལས་ཐོན་རྫས་ཀྲུང་གོར་འདྲེན་པའི“ཐོགས་མེད་བགྲོད་ལམ”སོགས་ཚོང་དོན་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་དང་ལས་སྟེགས་གང་ལེགས་སྤྱད་དེ། ཀྲུང་གོའི་ཁྲོམ་ར་དང་སྒོ་དབྱེའི་ཁེ་སྤོགས་མཉམ་དུ་སྤྱད་ནས་ཁེན་ནི་ཡའི་ཁྱད་ལྡན་ཐོན་རྫས་སྤུས་དག་ཀྲུང་གོར་གཏོང་བར་སྐུལ་འདེད་གཏོང་གི་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་དེ་བས་མང་བས་ཁེན་ནི་ཡར་མ་འཇོག་བྱེད་པར་རྒྱབ་སྐྱོར་བྱས་ནས་གྲངས་འཛིན་དཔལ་འབྱོར་དང་ནུས་རྒྱུ་གསར་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་བཏང་སྟེ་ཁེན་ནི་ཡར་ལྗང་མདོག་འཕེལ་རྒྱས་ཡོང་བར་རམ་འདེགས་བྱེད་ཀྱི་ཡིན། ཕྱོགས་གཉིས་པོས་ཁུང་ཙི་སློབ་གླིང་དང་ལུའུ་པན་བཟོ་ཁང་སོགས་ཀྱི་ལས་སྟེགས་ཡག་པོ་སྤྱད་དེ་ས་གནས་ཀྱི་མཉམ་ལས་དང་མི་ཆོས་རིག་གནས་སྤེལ་རེས་གཏིང་ཟབ་ཏུ་གཏོང་དགོས། ཕྱོགས་མང་གི་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་བྱེད་དགོས།