དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་གྲོས་མོལ་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2023-10-20

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་18ཉིན་གྱི་ཉིན་གུང་དུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་མཁན་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་གྲོས་མོལ་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཙུང་ཐུང་ཕུའུ་ཅིང“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ལ་ཐེངས་གསུམ་བསྟུད་མར་ཞུགས་པ་དེ་ཐོག་ནས་ཨུ་རུ་སུ་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་རྒྱབ་སྐྱོར་བྱེད་ལུགས་མཚོན་གྱི་ཡོད། ཨུ་རུ་སུ་ནི་ཀྲུང་གོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་རྒྱལ་སྤྱིའི་མཉམ་ལས་ཀྱི་རོགས་ཟླ་གལ་ཆེན་ཞིག་རེད། ཀྲུང་གོ་དང་ཨུ་རུ་སུའི་ཤར་རྒྱུད་ཀྱི་རང་བྱུང་སོལ་རླངས་མདོང་ལམ་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་རྣམ་གྲངས་གལ་ཆེན་སྤྱོད་འགོ་ཚུགས་པ་ལས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་དངོས་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་དེ་བཞིན་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་གྱི་རྒྱལ་ཁབ་ཁག་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དེ་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་དང་འབྲེལ་མཐུད་བྱེད་པར་སྐུལ་འདེད་བཏང་སྟེ། ཆུ་ཚད་དེ་བས་མཐོ་བ་དང་རིམ་པ་དེ་བས་ཟབ་པའི་ས་ཁོངས་མཉམ་ལས་བྱས་ནས་ཀྲུང་གོ་དང་། མོང་གོལ། ཨུ་རུ་སུ་བཅས་རྒྱལ་ཁབ་གསུམ་གྱི་རང་བྱུང་སོལ་རླངས་ཀྱི་མདོང་ལམ་རྣམ་གྲངས་ལ་གང་མགྱོགས་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་ཡོང་བ་དང“ལེ་དབར་ཁྲི་ཡི་ཇ་ལམ”གྱི་རྒྱལ་སྒྲོལ་ཡུལ་སྐོར་མཉམ་ལས་ཡག་པོ་བྱས་ཏེ། ཀྲུང་གོ་དང་། མོང་གོལ། ཨུ་རུ་སུ་བཅས་རྒྱལ་ཁབ་གསུམ་གྱི་དཔལ་འབྱོར་བར་ཁྱམས་དེ་སྤུས་ཚད་མཐོ་བའི་འབྲེལ་མཐུད་འཕེལ་རྒྱས་ཀྱི་ལམ་བུར་བསྐྲུན་རྒྱུའི་རེ་བ་བྱེད་ཀྱི་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཡུན་གནས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཀྱི་མཛའ་གྲོགས་དང་། ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ལས། གཉིས་ཁེ་མཉམ་ལས་གཉིས་ཕན་བཅས་ཀྱི་ཀྲུང་ཨུའི་འབྲེལ་བ་ནི་སྐབས་བསྟུན་གྱི་ཐབས་ཇུས་ཤིག་མིན་པར་ཡུན་རིང་གི་བྱེད་ཐབས་ཤིག་རེད། སང་ལོ་ནི་ཀྲུང་ཨུའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བའི་ལོ་རེད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་མཉམ་དུ་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོར་སྟངས་འཛིན་ཡང་དག་བྱས་ཏེ། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ལ་གཞི་ཚུགས་པ་དང་ཕྱོགས་གཉིས་པོའི་མཉམ་ལས་ཀྱི་དུས་རབས་ཀྱི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་འདོད་ཡོད། ཨུ་རུ་སུའི་མི་དམངས་ཀྱིས་རང་བརྟེན་གདམ་ག་བྱས་པའི་མི་རིགས་བསྐྱར་དར་གྱི་ལམ་བུར་བསྐྱོད་དེ་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་ཡིན། ཕྱོགས་གཉིས་པོས་ཀྲུང་ཨུའི་དངོས་སྒྲུབ་མཉམ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཐད་མཉམ་ལས་ཧུར་ཐག་བྱེད་དགོས་པ་དང་། 2024ལོ་དང་2025ལོའི་ཀྲུང་ཨུའི་རིག་གནས་ལོ་གོ་སྐབས་སུ་བྱས་ནས་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་སྤེལ་རེས་ཀྱི་བྱེད་སྒོ་དེ་བས་མང་བ་སྤེལ་དགོས།

    ཞི་ཅིན་ཕིང་གིས་གསུངས་དོན། མི་རིང་བའི་གོང་འབོ་གསེར་རྒྱལ་ཁབ་ལ་ལོ་རྒྱུས་རང་བཞིན་གྱི་ཐོག་ནས་ཁོངས་མིའི་རྒྱལ་ཁབ་མང་དུ་སོང་ཡོད། དེ་ཐོག་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་འཛམ་གླིང་སྣེ་མང་ཅན་དང་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་ལ་སྐུལ་འདེད་གཏོང་བའི་ཡིད་ཆེས་མངོན་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་སང་ལོ་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཁ་ཧྲན་ཞལ་འཛོམས་ཡག་པོ་གཉེར་བར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་དང་། ཨུ་རུ་སུ་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས། རྒྱལ་ཁབ་ཉི་ཤུ་ཚོགས་པ་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་གི་འབྲེལ་གཏུག་མཐུན་སྦྱོར་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ། འབྲུ་རིགས་བདེ་འཇགས་དང་། ནུས་རྒྱུའི་བདེ་འཇགས། དེ་བཞིན་གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་པོ་བཅས་ལ་སྲུང་སྐྱོང་བྱ་ཆེད་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱས་ནས། ཀྲུང་ཨུ་རྒྱལ་ཁབ་གཉིས་དང་དེ་བཞིན་ས་ཁུལ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་བྱེད་འདོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།