རང་སྐྱོང་ལྗོངས་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱིས།
བོད་ཀྱི་རླུང་འཕྲིན་བརྙན་འཕྲིན་གྱི་སྨྱན་སྦྱོར་གསར་པའི་མནའ་འབྲེལ་འཛུགས་པའི་སྐུལ་སྤེལ་ཚོགས་འདུ་འཚོགས་པ།
ཉེ་ཆར། རང་སྐྱོང་ལྗོངས་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱིས་བརྙན་ལམ་ཚོགས་འདུའི་རྣམ་པར་བརྟེན་ནས་བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་གྱི་སྨྱན་སྦྱོར་གསར་པའི་མནའ་འབྲེལ་འཛུགས་པའི་སྐུལ་སྤེལ་ཚོགས་འདུ་འཚོགས་ཏེ། རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱི་འབྲེལ་ཡོད་བླང་བྱ་དང《སྨྱན་སྦྱོར་གསར་པའི་ནུས་པ་གང་ལེགས་བཏོན་ནས་རླུང་འཕྲིན་བརྙན་འཕྲིན་གྱི་གཙོ་རྒྱུན་གླེང་ཕྱོགས་སྟོབས་ཆེར་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས། ལྗོངས་ཡོངས་ཀྱི་རླུང་འཕྲིན་བརྙན་འཕྲིན་ཁོངས་གཏོགས་ཀྱིས་རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱི་རླུང་འཕྲིན་བརྙན་འཕྲིན་གྱི་སྨྱན་སྦྱོར་གསར་པའི་མནའ་འབྲེལ་འཛུགས་པའི་ལས་དོན་སྤེལ་ཚུལ་ལག་བསྟར་དོན་འཁྱོལ་བྱེད་པའི་བརྡ་ཁྱབ་བཏང་བ་རེད།
བོད་ཀྱི་རླུང་འཕྲིན་བརྙན་འཕྲིན་གྱི་སྨྱན་སྦྱོར་གསར་པའི་མནའ་འབྲེལ་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུར་དམིགས་ནས་ཚོགས་འདུའི་ཐོག་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། བསམ་བློའི་འདུ་ཤེས་ལེགས་སུ་གཏོང་བ། རླུང་འཕྲིན་བརྙན་འཕྲིན་གྱི་ནང་དོན་བཟོ་བའི་ལེགས་ཆ་དང་སྨྱན་སྦྱོར་གསར་པའི་བརྒྱུད་བསྒྲགས་ཀྱི་ལེགས་ཆ་ཟུང་འབྲེལ་གང་ལེགས་བྱེད་པ་བཅས་བྱས་ཚེ། བརྒྱུད་བསྒྲགས་ནུས་པ་དང་། མཛུབ་ཁྲིད་ནུས་པ། ཤུགས་རྐྱེན་ཐེབས་ནུས། སྤྱི་མོས་ཐོབ་ཚད་བཅས་ཆེན་པོ་ལྡན་པའི་རླུང་འཕྲིན་བརྙན་འཕྲིན་ཚོགས་པ་ཞིག་གཏོད་པར་ཕན་ཐོགས་ཡོད། དུས་བབ་དང་ལས་འགན་གསལ་རྟོགས་བྱས་ནས་ཐོན་ཁུངས་བསྡུ་སྒྲིལ་ལ་ཤུགས་སྣོན་བརྒྱབ་སྟེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པའི་གཏམ་རྒྱུད་ཡག་པོ་ཤོད་དགོས་པ་དང་། ཤེས་ལྡན་པ་གསོ་སྐྱོང་ལ་སྣང་ཆེན་བྱས་ནས་གྲགས་ཅན་གྱི་སྙན་སྒྲོན་པ་དང་། གསར་འགོད་པ། དཔྱད་གཏམ་མཁན་བཅས་ཁག་གཅིག་བདམས་ནས་རླུང་འཕྲིན་བརྙན་འཕྲིན་གྱི་ཕུལ་བྱུང“དྲ་ཐོག་མིང་ཅན”དུ་འགྱུར་བ་བྱེད་དགོས། ཤུགས་རྐྱེན་ངེས་ཅན་ལྡན་པའི་རླུང་འཕྲིན་བརྙན་འཕྲིན་གྱི་སྨྱན་སྦྱོར་གསར་པའི་རྩིས་ཁྲ་གདམ་གསེས་བྱས་ནས། བོད་ཀྱི་རླུང་འཕྲིན་བརྙན་འཕྲིན་གྱི་སྨྱན་སྦྱོར་གསར་པའི་ཕྱི་ཕྱོགས་དྲིལ་བསྒྲགས་ཀྱི་བརྒྱུད་སྤེལ་ནུས་པ་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།