དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཆབ་མདོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས“སེམས་ཁྲལ་མེད་པའི”སྐར་ཁུང་བཏོད་ནས།

    “གཅིག་འཐུས་རྣམ་པའི”གཏུག་བཤེར་ཞབས་ཞུའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-18

    ད་ལོའི་ཚུན་དུ་ཆབ་མདོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་པ་དང་ཆབས་ཅིག གཏུག་བཤེར་བྱེད་པར་སྟབས་བདེ་བསྐྲུན་རྒྱུ་དང་གཏུག་བཤེར་དབང་ཆར་འགན་ལེན་བྱེད་ལམ་ཤར་བགྲོད་ལ་དམིགས་ཏེ། སྐར་ཁུང་ནས་གྱོད་ཐོ་མི་འགོད་པའི་སེམས་ཁྲལ་མེད་པ་དང་། ཡིག་ཆ་བསྡུ་ལེན་མི་བྱེད་པའི་སེམས་ཁྲལ་མེད་པ། རྩོད་གཞི་འདུམ་འགྲིག་མི་བྱེད་པའི་སེམས་ཁྲལ་མེད་པ་བཅས་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་། འགལ་ཟླ་དང་རྩོད་གཞི་དྲང་པོ་དྲང་གཞག་དང་། ལས་ཕྱོད་ཆེ་བ། ངོ་བོའི་རང་བཞིན་བཅས་ཀྱི་སྒོ་ནས་སེལ་བར་སྐུལ་འདེད་བཏང་སྟེ། མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་སྔར་བས་ཆེ་རུ་བཏང་་བ་རེད།

    སྐར་ཁུང་ནས་གྱོད་ཐོ་མི་འགོད་པའི་སེམས་ཁྲལ་མེད་པ་སྟེ། གཏུག་བཤེར་ཁྲིད་སྟོན་གྱི་རིགས་དང་། དམངས་བདེའི་ཞབས་ཞུའི་རིཌ། གཏུག་བཤེར་རམ་འདེགས་ཀྱི་རིགས། རྩོད་གཞི་འདུམ་འགྲིག་གི་རིགས། ལས་ཕྱོད་ཆེར་གཏོང་གི་རིགས། འདྲི་གཅོད་ལས་དོན་གྱི་རིགས་བཅས་གཞིར་བཟུང་། གཏུག་བཤེར་ཞབས་ཞུའི་སྐར་ཁུང་ཚན་རིག་དང་མཐུན་པའི་སྒོ་ནས་བཙུགས་པ་དང་། གྱོད་ཐོ་འགོད་པའི་དཔྱད་ཡིག་ཡོངས་བསྒྲགས་ཀྱི་གསལ་ཐོ་བཟོས་ཏེ། བདག་སྤྲོད་ཀྱི་ཆ་རྐྱེན་དང་མཐུན་པའི་གཏུག་བཤེར་གྱོད་གཞི་རང་སར་ཐོ་འགོད་བྱས་པ་དང་། རང་སར་དཔྱད་ཡིག་འདོན་སྤྲོད་བྱེད་དགོས་པ་ཕུད་དེ་བྱིངས་ཚང་མ་དྲ་ཐོག་ནས་གྱོད་དོན་ཐོ་འགོད་བྱས་ཡོད། ད་ལོ་ཚུན་དུ་གཏུག་བཤེར་ཞབས་ཞུ་ལྟེ་གནས་ཀྱིས་གྱོད་གཞི་སྣ་ཚོགས་276བདག་སྤྲོད་བྱས་པའི་ནང་གྱོད་དོན་60ཐོ་འགོད་བྱས་པ་དང་། དྲ་ཐོག་ནས་གྱོད་དོན་17ཐོ་འགོད་བྱས་པ། དེ་བྱིངས་ཀྱི་གྱོད་དོན་ཚང་མ་དུས་བཀག་ནང་ཞིབ་བཤེར་ཐོ་འགོད་བྱས་པ་དང་འབྲེལ་སྐྱེལ་སྤྲོད་ཀྱང་བྱས་ཡོད།

    ཡིག་ཆ་བསྡུ་ལེན་མི་བྱེད་པའི་སེམས་ཁྲལ་མེད་པ་སྟེ། དམངས་ཕན་དམངས་བདེའི་རྩ་དོན་མཐའ་འཁྱོངས་ཀྱིས་གཏུག་བཤེར་འགྲོ་གྲོན་ཐད་འཇལ་མཛོད་འཇུག་གི་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་བཙུགས་པ་བརྒྱུད། དོ་བདག་ཕྱིར་དོན་མི་དགོས་པར་ལག་ཐོགས་ཁ་པར་ནས་གཏུག་བཤེར་འགྲོ་གྲོན་ཐད་འཇལ་བརྡ་ཐོའི་རྩ་གཉིས་ཨང་རྟགས་བཤར་འབེབས་བྱས་པ་བརྒྱུད་གྲོན་དངུལ་འཇལ་ཆོག་པ་དང་། ཁྲིམས་འཛིན་རོགས་སྐྱོར་གྱི་དཔྱད་ཡིག་གོང་འབུལ་ཆེད་སྤྱོད་སྐད་འཕྲིན་འཛུགས་གཉེར་བྱས་པར་དོ་བདག་གིས་བློ་འདྲི་དང་། དཔང་ཡིག་རྩིས་སྤྲོད། དཔྱད་ཡིག་གསབ་བཅོས་བཅས་བྱས་ཆོག་པ་རེད། ད་ལོར་དོ་བདག་18ལ་གཏུག་བཤེར་འགྲོ་གྲོན་ཆག་ཡང་དང་། རྩ་ཆག འགྱངས་འཇལ་བཅས་ཀྱི་རོགས་སྐྱོར་གོ་རིམ་སྤྱད་པ་དང་། དངུལ་འབོར་སྒོར་ཁྲི་23ལྷག་ཙམ་ཟིན་ནས་ཁྲིམས་འཛིན་རོགས་སྐྱོར་ཐད་སེམས་ཁྲལ་མེད་པ་མངོན་འགྱུར་བྱུང་བ་རེད། སྡེབ་སྒྲིལ་སྐྱེལ་སྤྲོད་གྲོས་མཐུན་ཡི་གེ་བཞག་སྟེ་ཡིག་ཆ་སྡེབ་སྒྲིལ་སྐྱེལ་སྤྲོད་དོ་དམ་ལ་སྐུལ་འདེད་བཏང་ཞིང་། དོ་བདག་གིས་གྱོད་དོན་ཐོ་འགོད་རེ་ཞུ་ཐེངས་དང་པོ་བྱེད་སྐབས་སྐྱེལ་སྤྲོད་ས་མིང་གཏན་འཁེལ་ཡི་གེ་བརྒྱུད་ཡིག་ཆ་བསྡུ་ལེན་བྱེད་སྟངས་གཏན་འཁེལ་བྱེད་ཆོག་ཅིང་། རྗེས་མཐུད་ཀྱི་དཔྱད་ཡིག་དང་ཡིག་ཆ་དག་དེ་མཚུངས་ཀྱི་བྱེད་ཐབས་བརྒྱུད་དོ་བདག་གི་ལག་ཐོགས་ཁ་པར་གྱི་མཐའ་སྣེར་བསྐུར་བའམ་རང་ཁྱིམ་གྱི་སྒོ་འགྲམ་དུ་སྐྱེལ་གྱི་ཡོད་པ་དང་། གྱོད་གཞིའི་དཔྱད་ཡིག་གློག་རྡུལ་སྐྱེལ་སྤྲོད་བྱེད་ཚད་91.67%ཟིན་པ་རེད།

    རྩོད་གཞི་འདུམ་འགྲིག་མི་བྱེད་པའི་སེམས་ཁྲལ་མེད་པ་སྟེ། གཏུག་བཤེར་མིན་པའི་རྩོད་གཞི་ཐག་གཅོད་བྱེད་པའི་ལམ་སྲོལ་སྔོན་ལ་ལག་ལེན་བསྟར་རྒྱུ་མཐའ་འཁྱོངས་བྱས་ཏེ། རང་འགུལ་ངང་གཏུག་བཤེར་ཡོང་ཁུངས་བཅོས་སྒྲིག་མ་ལག་དང་མཉམ་འདྲེས་ཀྱིས《གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ཁང་གི་གྱོད་གཞིའི་དཀའ་སླ་ཁག་བགོས་འདྲི་གཅོད་མྱུར་གཅོད་མྱུར་ཞིབ་ལས་དོན་སྐོར་གྱི་ཆབ་མདོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་སྒྲིག་སྲོལ(ཚོད་ལྟའི་ལག་བསྟར)》ཞིབ་འཇུག་གིས་བཟོས་ཤིང་། “སྤུས་ནུས་གཅིག་སྒྲིལ”གྱི་ཁྲིམས་འཛིན་འདུ་ཤེས་ལག་ལེན་བསྟར་ཏེ་གྱོད་གཞིའི་དོན་དངོས་ཁ་གསལ་བ་དང་། དབང་ཆ་དང་འོས་འགན་གྱི་འབྲེལ་བ་ཁ་གསལ་བ། དོ་བདག་དབར་རྩོད་རྙོག་ཆེན་པོ་མེད་པ་བཅས་ཀྱི་སྟབས་བདེའི་དམངས་དོན་ཚོང་དོན་གྱོད་གཞི་ཁག་བགོས་བྱས་པ་དང་། ཆེད་བསྐོས་འདུམ་འགྲིག་པ་དང་མྱུར་གཅོད་ཁྲིམས་དཔོན་གྱིས་སྒོ་རྩར་བསྐྱོད་ནས་རྩོད་གཞི་འདུམ་འགྲིག་གི་ཞབས་འདེགས་ཞུས་ཏེ་གྱོད་གཞི་མགྱོགས་མྱུར་ཐོ་འགོད་དང་། མགྱོགས་མྱུར་འདུམ་འགྲིག མགྱོགས་མྱུར་ཁྲུན་གཅོད། མགྱོགས་མྱུར་མཇུག་འགྲིལ་བཅས་ཀྱི་ཕན་འབྲས་ཐོན་པར་བྱས་པ་མ་ཟད། དོ་བདག་ཕར་རྒྱུག་ཚུར་རྒྱུག་བྱེད་ཉུང་དུ་བཏང་ནས་འདྲི་གཅོད་ཀྱི་སྤུས་ཚད་དང་ཕན་འབྲས་ཕྱོགས་ཡོངས་ནས་ཆེ་རུ་བཏང་ཡོད། ད་ལོའི་ཚུན་དུ་མྱུར་གཅོད་གོ་རིམ་སྤྱོད་འགོ་བཙུགས་ནས་གྱོད་གཞི་ཁག་38ཞིབ་གཅོད་བྱས་པ་དང་། ཆ་སྙོམས་བྱས་ན་ཞིབ་གཅོད་བྱས་པའི་ཉིན་གྲངས་19ཙམ་ཟིན་ནས་གྱོད་གཞི་སྒྲུབ་གཉེར་གྱི་ལས་ཕྱོད་ཆེ་རུ་ནུས་ལྡན་སོང་ལ། དོ་བདག་གི་གཏུག་བཤེར་མ་གནས་ཀྱང་དམའ་རུ་སོང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།