ཟླ་བ་དང་པོ་ནས་བདུན་པའི་བར་ལྗོངས་ཡོངས་སུ་ཁྲལ་རིན་གཉིས་གཅོག་དང་ཁྲལ་སློག་གྲོན་འགྱངས་སྒོར་དུང་ཕྱུར་30.89མང་དུ་ཕྱིན་པ།
ཉེ་ཆར། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་གདན་འདྲེན་ཞུས་ཏེ“ཁྲལ་རིན་གཟིགས་སྐྱོང་སྲིད་ཇུས་རྒྱུན་མཐུད་དང་། ལེགས་གཏོང་། འཐུས་ཚང་བཅས་ཀྱི་སྲིད་ཇུས”དོན་འཁྱོལ་བྱས་ཚུལ་ཆེད་དོན་ཡོངས་བསྒྲགས་བྱས་པ་མ་ཟད། འདི་ལོའི་རང་ལྗོངས་ཀྱི་ཁྲལ་རིན་གཉིས་གཅོག་གི་ལས་དོན་ངོ་སྤྲོད་ཀྱང་བྱས་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོའི་ཟླ་བ་དང་པོ་ནས་བདུན་པའི་བར། ལྗོངས་ཡོངས་སུ་ཁྲལ་རིན་གཉིས་གཅོག་དང་ཁྲལ་སློག་གྲོན་འགྱངས་སྒོར་དུང་ཕྱུར་30.89མང་དུ་ཕྱིན་པའི་ནང་ཕྲན་ཚེགས་ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་ཚུད་པའི་དམངས་གཉེར་དཔལ་འབྱོར་གྱི་ཁྲལ་འཇལ་མཁན་དང་གྲོན་འཇལ་མཁན་ནི་ཁྲལ་རིན་རྒྱབ་སྐྱོར་སྲིད་ཇུས་ཀྱི་ཕན་པ་ཐོབ་མཁན་གཙོ་བོ་དེ་ཡིན་པ་རེད།
རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱིས་ཁྲལ་རིན་གཟིགས་སྐྱོང་སྲིད་ཇུས་གནད་སྨིན་ཁྱབ་གདལ་གཏོང་རྒྱུ་དེ་སྲིད་ཇུས་དོན་འཁྱོལ་གྱི་བྱེད་ཐབས་ནུས་ལྡན་ལ་བརྩིས་ནས《ཁྲལ་བསྡུའི་སྲིད་ཇུས་གནད་སྨིན་ཁྱབ་གདལ་གྱི་ལག་བསྟར་ཇུས་གཞི》ཞིབ་འཇུག་བྱས་ནས་བཟོས་པ་རེད།
རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་རང་སྐྱོང་ལྗོངས་ཁྲལ་དོན་སྡེ་ཚན་གྱིས་རིམ་ཁག་གཞི་རིམ་ཁྲལ་དོན་ལས་ཁུངས་ཚང་མར་དྲ་མིག་པ་བཙུགས་ནས་ཁྲལ་འཇལ་བ་དང་གྲོན་འཇལ་བར་སྐོར་སྐྱོད་རྣམ་པའི་ཞབས་འདེགས་ཞུ་གི་ཡོད་པ་དང་། “གཅིག་གཏད་གཅིག”གིས་དྲིལ་བསྒྲགས་དང་ཟུར་ཁྲིད་བྱས་ཏེ་ཚོགས་སྤྱི་སྣ་ཚོགས་དང་ལྷག་པར་དུ་དམངས་གཉེར་བྱེད་པོ་ཚང་མས་ཁྲལ་རིན་གྱི་གཟིགས་སྐྱོང་སྲིད་ཇུས་གསར་ཤོས་གང་མགྱོགས་ལོངས་སྤྱོད་ཐུབ་པའི་འགན་ལེན་བྱེད་ཀྱི་ཡོད། མིག་སྔའི་བར་བསྡུ་འཇལ་སྤེལ་རེས་ལས་སྟེགས་དང་། གློག་རྡུལ་ཁྲལ་དོན་ཅུས། འཕྲིན་ཐུང་སོགས་ཀྱི་བྱེད་སྟངས་བརྒྱུད་བརྡ་ཐོ་དང་། སྤྱི་བསྒྲགས། ཁྲལ་བསྡུའི་སྲིད་ཇུས། ཞབས་ཞུ་དྲན་སྐུལ་བཅས་བསྡོམས་ཚོང་དུད་ཁྲི་138.7ལ་གནད་སྨིན་བརྒྱུད་བསྐུར་བྱས་ཡོད།
འདི་ལོ་རང་ལྗོངས་ཀྱི་ཁྲལ་དོན་སྡེ་ཚན་གྱིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ་དང་། ས་ཁོངས་ཐོན་ལས་ཀྱི་གྲུབ་ཆ། དེ་བཞིན་ཁྲལ་རིན་ཞབས་ཞུའི་ལས་དོན་བཅས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྔར་ཡོད་ཀྱི་རྒྱལ་ཡོངས་ཀྱི“བརྒྱ་བྱས་པ་གསུམ”གྱི་ཐད་ཀའི་འབྲེལ་གཏུག་ས་ཚིགས་ཀྱི་རྨང་གཞིའི་ཐོག་དམངས་གཉེར་ཁེ་ལས་ཀྱི་ཐད་ཀའི་འབྲེལ་གཏུག་ས་ཚིགས་ཀྱི་ཚོང་དུད་100གསབ་སྣོན་གྱིས་རྒྱུན་རྣམ་ཅན་གྱི་དམངས་གཉེར་ཁེ་ལས་ཀྱི་བཅར་འདྲི་གླེང་མོལ་བྱེད་པ་དང་། ཁྲལ་རིན་རེ་ཞུའི་ཐད་ཀའི་འབྲེལ་གཏུག་ལམ་སྲོལ་བཙུགས་ཏེ་ཁྲལ་རིན་གྱི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱེད་རིང་ཁྲལ་འཇལ་བ་དང་། གྲོན་འཇལ་བ། དེ་བཞིན་གཞི་རིམ་གྱི་ཁྲལ་དོན་ལས་ཁུངས་བཅས་ལ་འཕྲད་པའི་སྲིད་ཇུས་ཀྱི་ཐབས་ལམ་དང་། བསྡུ་འདོམས་བཀོལ་སྤྱོད། ཁྲལ་རིན་ཞབས་ཞུ་སོགས་ཀྱི་གནད་དོན་ལ་གཙོ་གནད་ཐོག་དམིགས་ནས“བདག་སྤྲོད་ཐོ་འགོད་དང་། ཁག་བགོས་ཞིབ་འཇུག རིགས་དབྱེ་ཐག་གཅོད། དུས་བཀག་སྒྲུབ་གཉེར”བཅས་ཀྱི་གདུབ་ཟུམ་ལས་དོན་སྒྲུབ་རིམ་རིམ་བཞིན་ཆགས་པར་བྱས་ཡོད།