འཛམ་གླིང་གི་ས་མཐོའི་བྱེ་འདམ་བདར་ཟད་ཀྱི་ཆུ་གློག་འཕྲུལ་ཚན་ཐོན་སྐྱེད་ཞིབ་འཇུག་རྟེན་གཞི་ཐོག་མ་སྐྲུན་འགོ་ཚུགས་པ།
ཉེ་ཆར། ཤར་ཕྱོགས་གློག་རླངས་བོད་ལྗོངས་ཉིང་ཁྲིའི་ཐོན་སྐྱེད་ཞིབ་འཇུག་རྟེན་གཞི་སྐྲུན་འགོ་ཚུགས་པ་རེད། རྟེན་གཞི་དེ་ནི་འཛམ་གླིང་གི་ས་མཐོའི་བྱེ་འདམ་བདར་ཟད་ཆུ་གློག་འཕྲུལ་ཚན་ཐོན་སྐྱེད་ཞིབ་འཇུག་གི་རྟེན་གཞི་ཐོག་མ་དེ་ཡིན་ཞིང་། བསྐྲུན་ཟིན་རྗེས་རྡེག་རླབས་རྣམ་པའི་ཆུ་གློག་འཕྲུལ་ཚན་གྱི་འཁོར་ལོའི་བྱེ་འདམ་བདར་ཟད་ཚོད་ལྟའི་ཞིབ་འཇུག་ནུས་པ་དང་ཆུ་གློག་འཕྲུལ་ཚན་སྣ་ཚོགས་ཉམས་གསོ་དང་སྲུང་སྐྱོང་གི་ནུས་པ་ལྡན་ཡོད།
རྟེན་གཞི་དེས་ས་ཁྱོན་མུའུ་73བཟུང་བ་དང་འཆར་འགོད་བྱས་པའི་འཛུགས་སྐྲུན་རྒྱ་ཁྱོན་མུའུ་33བཟུང་བ་དེ་དུས་ཐེངས་གཉིས་ལ་བགོས་ནས་བསྐྲུན་རྩིས་ཡོད་པ་དང་། དུས་ཐེངས་དང་པོའི་ལས་གྲྭ་2024ལོར་བསྐྲུན་ཐུབ་པ་བྱ་རྒྱུ་དང་དུས་ཐེངས་གཉིས་པའི་ལས་གྲྭ་2028ལོར་བསྐྲུན་ཐུབ་པ་བྱ་རྒྱུ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། རྡེག་རླབས་རྣམ་པའི་ཆུ་གློག་འཕྲུལ་ཚན་ནི་རྒྱལ་ཁབ་ཀྱི“ལྷོ་ནུབ་ཆུ་གློག་རྟེན་གཞི་འཛུཊ་སྐྲུན་བྱེད་མགྱོཊ་སུ་གཏོང་བའི”གལ་ཆེའི་འཐབ་ཇུས་ཀྱི་དགོས་མཁོར་ཞབས་འདེགས་ཞུ་བའི་འཕྲུལ་ཚན་གཙོ་བོ་ཡིན་པ་དང་། དེས་ཆུ་ཁ་མཐོ་བ་དང་བཞུར་ཚད་ཆུང་བའི་ཆ་རྐྱེན་འོག་ལས་ཀ་བྱེད་ཐུབ་ཀྱི་ཡོད་པས་རི་ཁུལ་དང་ས་མཐོའི་ཁུལ་གྱི་ཆུ་གློག་གསར་སྤེལ་ལ་སྤྱོད་རྒྱུར་འཚམ་པོ་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོ་ནས་བཟུང་ཤར་ཕྱོགས་གློག་རླངས་ཚོགས་པས་ཆུ་ཁ་མཐོ་ལ་ཤོང་ཚད་ཆེ་བའི་རྡེག་རླབས་རྣམ་པའི་ཆུ་གློག་འཕྲུལ་ཚན་གྱི་འགག་རྩའི་ལག་རྩལ་ཞིབ་འཇུག་བྱས་ནས་ཚན་ཞིབ་ཁང་དང་ཆུ་བོའི་སྟོད་སྨད་རྒྱུད་ཀྱི་ཁེ་ལས་དང་མཉམ་དུ་ལག་རྩལ་འགག་སྒྲོལ་བྱས་ཡོད། 2023ལོའི་ཟླ་5ཚེས་16ཉིན་ཤར་ཕྱོགས་གློག་རླངས་ཚོགས་པས་རང་རྟེན་ཞིབ་བཟོ་བྱས་པའི་ཀྲའོ་ཝ་150རིམ་པའི་རྡེག་རླབས་རྣམ་པའི་ཆུ་གློག་འཕྲུལ་ཚན་གྱི་འཁོར་ལོ་ལེགས་གྲུབ་ལྡན་པའི་ངང་བཟོས་ནས་རང་རྒྱལ་གྱི་རྡབ་རྡེག་རྣམ་པའི་ཆུ་གློག་འཕྲུལ་ཚན་གྱི་འགག་རྩའི་ལྟེ་བའི་ལག་རྩལ་རྒྱལ་ཐོན་ཅན“མེད་པ་ནས་ཡོད་པའི”བར་གྱི་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་ཡོད། 2023ལོའི་ཟླ་8ཚེས་31ཉིན་ཤར་ཕྱོགས་གློག་རླངས་ཚོགས་པས་ཐོན་ལས་འཁོར་འབྲེལ་གྱི་ཆུ་བོའི་སྟོད་སྨད་རྒྱུད་ཀྱི་ཁེ་ལས་དང་མཉམ་དུ་ཞིབ་བཟོ་བྱས་པའི་འཛམ་གླིང་གི་འཕྲུལ་ཚན་རྐྱང་པའི་ཤོང་ཚད་ཆེ་ཤོས་ཀྲའོ་ཝ་500ཟིན་པའི་རྡེག་རླབས་རྣམ་པའི་ཆུ་གློག་འཕྲུལ་ཚན་གྱི་འཁོར་ལོའི་ལྟེ་བའི་ལྷུ་ལག་ཐོག་མ་དེར་ཕྱོགས་ཡོངས་ནས་ཞིབ་བཤེར་རྩིས་ལེན་ཐུབ་པ་རེད།