རྩལ་འགྲན་པའི་ངོ་མཚར་མངོན། གྲོང་ཁྱེར་ལ་གསོན་ཤུགས་བསྣན།
2023ལོའི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་སྐབས་བཞི་པའི་གཞིས་རྩེའི་འགྲན་སྐོར་འགྲན་བསྡུར་སྐོར་གྱི་ཟུར་བྲིས།
ཟླ་10ཚེས་16ཉིན། གཞིས་རྩེ་གྲོང་ཁྱེར་དུ་གནམ་གཤིས་ཡག་པོ་ཡོད་ཅིང་། 2023ལོའི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་སྐབས་བཞི་པས་ཁྱོན་ལམ་ཐག་སྤྱི་ལེ་89.97ཟིན་པའི་འགྲན་སྐོར་གཉིས་པའི་འགྲན་བསྡུར་བསུས་ཡོད།
བོད་ལྗོངས་ཧི་མ་ལ་ཡ་རྐང་འཁོར་རུ་ཁག་གི་བཀྲ་དོན་གྱིས། རང་ཉིད་ནི་རིམ་པ་མཐོ་བའི་འགྲན་བསྡུར་འདི་ལྟ་བུར་ཞུགས་ཐེངས་དང་པོ་ཡིན་པས། འགྲན་རོགས་རྩེ་གྲ་ཚོ་དང་འགྲན་བསྡུར་དྲག་པོ་བྱས་ཏེ་འགྲན་བསྡུར་གྱི་ཉམས་མྱོང་བསགས་ནས་རང་ངོས་ཀྱི་ནུས་པ་ཆེ་རུ་འགྲོ་བའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད། “འགྲན་སྐོར་གསུམ་གྱི་ནང་ནས་གཞིས་རྩེའི་འགྲན་སྐོར་ལ་ཁྱད་ཆོས་ལྡན་ཤོས་དང་མྱུར་བགྲོད་འགྲན་སྐོར་གྱི་འགྲན་སློང་དེ་བས་ཆེ་བ་ཡོད་པའི་ཚོར་སྣང་ཟབ་མོ་བྱུང”ཞེས་བཀྲ་དོན་གྱིས་བརྗོད།
སྔ་དྲོའི་ཆུ་ཚོད་10དང་སྐར་མ་30ལ་དྲིལ་བརྡ་གྲགས་པ་དང་བསྟུན་ནས་རྒྱལ་ཁབ་ཕྱི་ནང་གི་རྐང་འཁོར་རུ་ཁག་17གྱི་བདམས་ཐོན་པ་རྒྱལ་ལམ་349བརྒྱུད་ཀྱི་ནུབ་བྱང་ཕྱོགས་སུ་སྐྱོད་འགོ་ཚུགས། “ཚོན་མདོག་སྣ་བདུན་གྱི་གཞིས་ཀ”པ་སྣམ་རྫོང་བརྒྱུད་བསམ་གྲུབ་རྩེ་ཆུས་སུ་ཐད་ཀར་བསྐྱོད་པ་རེད།
ལམ་བར་གྱི་འགྲན་ལམ་གཡས་གཡོན་དུ་བོད་བཟོའི་སྡོད་ཁང་གྲལ་སྟར་འགྲིག་པ་དང་། དེང་རབས་ཅན་གྱི་དྲོད་ཁང་ཆེན་པོ་སྟར་ཆགས་སུ་གནས་པ། མྱུར་བགྲོད་གཞུང་ལམ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་སེར་ཚོའི་བདེ་སྐྱིད་ལྡན་པའི་འཚོ་བར་ཤར་རྒྱག་སྦྲེལ་ཡོད་པ་རེད།
ལུས་རྩལ་འགྲན་བསྡུར་ཞིག་གྲུབ་འབྲས་ཐོབ་པའི་ངང་གཉེར་པར་འགྲན་རའི་ཕྱི་ནང་གི་ཕྱོགས་ཡོངས་ཀྱི་འགན་ལེན་དང་ཁ་འབྲལ་ཐབས་མེད། གྱོས་ཆས་དམར་པོ་གྱོན་པའི་དང་བླངས་པ་དང་། སྨན་གོས་དཀར་པོ་གྱོན་པའི་སྨན་པ། ལས་གོས་སྔོན་པོ་གྱོན་པའི་ཉེན་རྟོག་པ་སོགས་ཀྱིས་དྲོ་སྐྱིད་དང་། ཞིབ་ཚགས། སྙིང་ཉེ་བ་བཅས་ལ་བརྟེན་ནས་ཞབས་འདེགས་ཞུས་ཏེ་འགྲན་བསྡུར་གྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཡོད།
འགྲན་བསྡུར་གྱི་རིམ་པ་མཐོ་རུ་བཏང་རྗེས་ཀྱི་འགྲན་སྐོར་གསར་པའི་གཉེར་འགན་འཁུར་མཁན་ཕྱོགས་ཤིག་ཡིན་པའི་གཞིས་རྩེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་དང་ཚན་རིག་དང་མཐུན་པའི་སྤྱི་འདོམས་བྱེད་པ་དང་། གྲོང་ཁྱེར་ཡོངས་ཀྱི་སྡེ་ཚན་མང་པོས་མཉམ་སྦྲེལ་མཉམ་མཐུད་དང་གྲ་སྒྲིག་ཞིབ་ཚགས་བྱས་ནས་འགྲན་སྐོར་དེའི་ལམ་རྒྱུད་ཀྱི་འགྲོ་ལམ་ཉམས་བཟོ་གཙང་བཤེར་དང་། སྨན་བཅོས་འཕྲལ་སྡོམ། བདེ་འཇགས་སྲུང་སྐྱོང་སོགས་ཀྱི་ལས་དོན་ཕྱོགས་ཡོངས་ནས་སྤེལ་བ་རེད།
གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་ཏང་ཨུད་ཀྱི་ཨུ་ཡོན་བཀྲ་ཤིས་ཕུན་ཚོགས་ཀྱིས་འགྲན་དུམ་དེའི་གཞོགས་གཉིས་སུ་གྲོང་ཚོ་མང་པོ་ཡོད་པ་དང་སྟོན་བསྡུའི་ཞིང་ལས་བྲེལ་བ་ཆེ་བའི་དོན་དངོས་ལ་དམིགས་ཏེ། གཞིས་རྩེ་སྤྱི་བདེ་སྡེ་ཚན་གྱིས་འགྲིམ་འགྲུལ་བཀག་སྡོམ་གྱི་ལམ་ཐིག་ཚན་རིག་དང་མཐུན་པའི་ངང་བཀོད་སྒྲིག་ལུགས་མཐུན་དང་འགྲིམ་འགྲུལ་བཀག་སྡོམ་གྱི་དུས་ཚོད་ཐུང་དུ་གཏོང་གང་ཐུབ་བྱས་ཏེ་འཚང་གཡོལ་འགྲོ་སྐྱོད་བྱེད་དུ་བཅུག་པ་ཡིན་ཞེས་གསར་འགོད་པར་བརྗོད།
“གཞིས་རྩེའི་འགྲན་སྐོར་གྱི་ས་བབ་མཐོ་བས། བདམས་ཐོན་པ་ཚོར་གསོ་རླུང་དཀོན་པ་དང་ས་མཐོ་མི་འཕྲོད་པའི་འགྲན་སློང་ཆེན་པོ་ཕྲད་ཡོད”ཅེས་གཞིས་རྩེ་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་པ་སངས་ཕན་ཐོགས་ཀྱིས་ངོ་སྤྲོད་བྱས་པ་དང་། ཁོང་གིས“དོན་དངོས་ལ་གཞིགས་ནས་ང་ཚོས་འགྲན་སྐོར་ལམ་རྒྱུད་དུ་སྨན་བཅོས་འགན་ལེན་ས་ཚིཌ་དང་མྱུར་སྐྱོབ་བཀའ་སྒུག་ཚོགས་ཆུང་སོགས་བཙུགས་ཡོད་ལ། འགྲན་བསྡུར་བྱེད་སྐབས་མྱུར་སྐྱོབ་རླངས་འཁོར་4དང་སྨན་པ་16བཀོད་སྒྲིག་བྱས་ནས་འགྲན་ཞུགས་བདམས་ཐོན་པར་བརྒྱུད་རིམ་ཧྲིལ་པོར་སྨན་བཅོས་འགན་ལེན་ཞབས་ཞུ་མཁོ་འདོན་བྱས་པ་ཡིན”ཞེས་བརྗོད།
ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་ལ་གྲོང་ཁྱེར་གྱི་ཡིད་དབང་འཕྲོག་ཤུགས་དང་གཟུགས་བརྙན་བཟང་པོ་མངོན་པ་དང་ཆབས་ཅིག གྲོང་ཁྱེར་འཕེལ་རྒྱས་ལ་གོ་སྐབས་མཁོ་འདོན་དང་སྒུལ་ཤུགས་གསར་པའང་བསྣན་ཡོད། གཞིས་རྩེ་གྲོང་ཁྱེར་གྱིས་ད་ཐེངས་ཀྱི་འགྲན་བསྡུར་གོ་སྐབས་སུ་བྱས་ནས་ཐུན་མོང་མ་ཡིན་པའི་རང་བྱུང་ཐོན་ཁུངས་དང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ། གཞིས་རྩེའི་ཕྱི་རོལ་ལུས་རྩལ་གྱི་སྐད་གྲགས་ཆོད་ཚད་སྔར་བས་ཆེ་རུ་བཏང་ནས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཕྱི་རོལ་ལུས་རྩལ་གྱི་སྤུས་རྟགས་འགྲན་བསྡུར་ཧུར་ཐག་གཏོད་ཀྱི་ཡོད་པ་རེད།