ཟངས་རི་རྫོང་གིས“ས་གྲོལ་དཔལ་འབྱོར”འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་བྱས་པ།
གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཞན་པའི་གྲོང་ཚོས་ས་ཁོངས་བསྒྲལ་ནས“ས་གྲོལ་དཔལ་འབྱོར”འཕེལ་རྒྱས་གཏོང་བར་ལྕག་སྐུལ་བྱ་ཆེད། ཟངས་རི་རྫོང་གིས་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་ཞན་པའི་གྲོང་ཚོ་ཁྱོན་ཡོངས་ནས་མེད་པར་བྱེད་པའི་ལོ་གསུམ་བྱ་སྤྱོད་འཆར་གཞི་བཏོན་ནས། གཏོགས་ཁོངས་དེའི་གྲོང་ཚོ་ཁག་ལ་ས་ཁོངས་ཀྱི་བཀག་རྒྱ་ལས་བསྒྲལ་ནས“ས་གྲོལ་དཔལ་འབྱོར”འཕེལ་རྒྱས་ཤུགས་ཆེན་གྱིས་གྲོང་ཚོའི་མཉམ་སྡེབ“རྨང་གཞི”བརྟན་དུ་བཏང་ནས། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི“སྒུལ་ཤུགས་གསར་པ”སྐུལ་སྤེལ་བྱེད་པའི་ལྕག་སྐུལ་བྱས་པ་རེད།
2023ལོ་ཚུན་དུ། རོང་ཤང་གིས་རྨང་བརྟན་དམངས་ཕན་མ་དངུལ་བསྡུ་སྒྲིལ་དང་གྲོང་ཚོས་རང་གྲབས་བྱེད་པ་སོགས་བརྒྱུད། མ་དངུལ་སྒོར་ཁྲི་2526.93བསྡུ་སྒྲིལ་གྱིས་ལྷོ་ཁ་གྲོང་ཁུལ་ནས་ཚོང་ཁང་ཁང་མིག་19ཉོས་པར་རིམ་རྩིས་བརྒྱབ་ན་ཤང་ཡོངས་ཀྱི་གྲོང་ཚོ་14ཡི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་ལོར་ཡོང་འབབ་སྒོར་ཁྲི་108བྱུང་ཡོད་པ་རེད།
ཟངས་རི་རྫོང་འབོད་ཐོས་ཤང་གཞུ་མོ་གྲོང་ཚོས་གྲོང་ཚོའི་མཉམ་སྡེབ་རྩིས་ཁྲར་ལོ་མང་བཞག་པའི་མ་དངུལ་སྒོར་ཁྲི་342.308བསྡུ་སྒྲིལ་བྱས་ཏེ། ལྷོ་ཁ་གྲོང་ཁྱེར་ཧྲེན་ལི་དུས་རབས་ཐང་ཆེན་ནས་ཚོང་ཁང་ཁང་མིག་4ཉོས་པར་ཟླ་རེར་བོགས་མ་སྒོར་ཁྲི་2བྱུང་བ་དང་གྲོང་ཚོའི་མཉམ་སྡེབ་ལ་ལོར་ཡོང་འབབ་སྒོར་ཁྲི་24རག་ནས་བེད་མེད་དུ་བཞག་པའི་མ་དངུལ་བེད་སྤྱོད་ནུས་ལྡན་ཐུབ་སྟེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལ་འབབ་ཁུངས་ཡག་པོ་བྱུང་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། གོམ་སྟབས་རྗེས་མར། ཟངས་རི་རྫོང་གིས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་སྟོབས་ཆེར་གཏོང་བ་གྲོང་གསེབ་དར་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་ལ་ངར་སློང་བའི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱས་ཐོག་གྲོང་ཚོ་ཁག་གི་ཐོན་ཁུངས་ལེགས་ཆ་གང་ལེགས་འདོན་པ་དང་། གྲོང་ཚོའི་གནས་བབ་དང་བསྟུན་ནས་ཐབས་ཇུས་འདོན་པ། སྣ་མང་ཅན་གྱི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་རང་རྟེན་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ནས། གྲོང་གསེབ་དར་རྒྱས་ཀྱི“ནང་སྐྱེས་སྒུལ་ཤུགས”ངར་སློང་གི་ཡོད་པ་རེད།