དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་འཐུས་མིས་འཕེལ་རྒྱས་གཏོང་རིང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོང་ལ་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-10-18

    ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་ཚོགས་པས་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་མནའ་འབྲེལ་དུ་མི་ཞུགས་པའི་ལས་འགུལ་མཐུན་སྦྱོར་ཅུས་དང་མཉམ་དུ་འཕེལ་རྒྱས་གཏོང་དབང་བརྗོད་དོན་གཙོ་བོར་བྱས་པའི་ཞོར་ཚོགས་འཚོགས་པ་རེད། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་ཀྲང་ཅུན་གྱིས་བཞེད་དོན་གཙོ་བོའི་གཏམ་བཤད་སྤེལ་ནས། འཕེལ་རྒྱས་ཀྱི་གནད་དོན་དེ་རྒྱལ་སྤྱིའི་གྲོས་རིམ་གྱི་ལྟེ་བའི་གནས་བབ་ཐོག་བཞག་སྟེ་འཕེལ་རྒྱས་གཏོང་རིང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། 2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་མགྱོགས་མྱུར་བྱས་ཏེ། ལག་གདང་སྦྲེལ་ནས་རྒྱལ་སྤྱིའི་འཕེལ་རྒྱས་དང་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ལ་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བྱས་པ་རེད།

    ཀྲང་ཅུན་གྱིས། འཕེལ་རྒྱས་གཏོང་དབང་ནི་འཕྲོག་མི་རུང་བའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཞིག་རེད། དགོས་གཏུགས་ཀྱི་བསམ་བློ་ཤུགས་ཆེ་རུ་བཏང་ནས་འཕེལ་རྒྱས་ཀྱི་གནད་དོན་དེ་དངོས་སུ་རྒྱལ་སྤྱིའི་གྲོས་རིམ་གྱི་ལྟེ་བའི་གནས་བབ་ཐོག་འཇོག་དགོས་པ་དང་། རོགས་ཟླའི་འབྲེལ་བར་ཤུགས་སྣོན་བརྒྱབ་སྟེ་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལག་གདང་སྦྲེལ་ནས་འབད་བརྩོན་བྱེད་དགོས། འཕེལ་རྒྱས་དོ་སྙོམས་མེད་པ་དང་ལྷོ་བྱང་གི་འགལ་རྐྱེན་ཇེ་ཆེར་སོང་བ་ནི་འཕེལ་རྒྱས་གཏོང་དབང་ལ་སྐུལ་འདེད་གཏོང་བར་འཕྲད་པའི་འགྲན་སློང་ཆེ་ཤོས་དེ་རེད། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་གཞུང་ཕྱོགས་ཀྱི་འཕེལ་རྒྱས་ལ་རོགས་སྐྱོར་དང་གནམ་གཤིས་མ་དངུལ་བསྡུ་རྒྱུག་གི་ཁས་ལེན་དོན་འཁྱོལ་ཏན་ཏིག་བྱས་ནས་ལག་རྩལ་ནང་བཤུག་གཏོང་བ་དང་ནུས་པ་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒྱལ་སྤྱིའི་དངུལ་རྩའི་སྒྲིག་གཞིས་སྒྱུར་བཅོས་ལ་བརྟེན་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཚབ་མཚོན་རང་བཞིན་དང་སྐད་ཆ་ཤོད་དབང་ཆེ་རུ་བཏང་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་མ་དངུལ་བསྡུ་སྒྲིལ་བྱེད་ཤུགས་ཆེ་རུ་གཏོང་དགོས། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་འཕེལ་རྒྱས་གཏོང་རིང་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་དང་སྲུང་སྐྱོང་བྱེད་དགོས། མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་འཕེལ་རྒྱས་གཏོང་དབང་ཐོབ་རྒྱུར་དགེ་མཚན་ལྡན་པའི་མཐུན་རྐྱེན་གཏོད་དགོས། དར་རྒྱས་ཆེ་བའི་དཔལ་འབྱོར་དངོས་ཚན་གཙོ་བོས་འགན་འཁུར་བའི་ནོར་སྲིད་དང་དངུལ་ལོར་སྲིད་ཇུས་ལག་ལེན་བསྟར་ནས་ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་དེ་རྦད་དེ་དོར་དགོས་པ་མ་ཟད། ཆ་རྐྱེན་གང་ཡང་མེད་པར་ཕྱོགས་རྐྱང་བཙན་ཤེད་ཀྱི་བྱེད་ཐབས་འཕྲལ་དུ་མེད་པའང་བཟོ་དགོས་པའི་ནན་བཤད་བྱས་པ་རེད། ཀྲང་ཅུན་གྱིས། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཁག་དང་སྤེལ་རེས་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རྒྱལ་སྤྱིའི་འཕེལ་རྒྱས་དང་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་ལ་ལག་གདང་སྦྲེལ་ནས་སྐུལ་འདེད་བཏང་སྟེ་2030ལོའི་གྲོས་རིམ་གྱི“གཅིག་ཀྱང་ཆད་མི་རུང་བའི”དམིགས་ཚད་དུས་བཀག་ལྟར་མངོན་འགྱུར་བྱེད་འདོད་ཡོད་ཅེས་བརྗོད་པ་རེད།

    མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཨ་ཟེར་བྷེ་ཇན་གྱི་འཐུས་མི་ཨ་ལི་ཡེ་ཕུའུ་ཡིས་མནའ་འབྲེལ་དུ་མི་ཞུགས་པའི་ལས་འགུལ་མཐུན་སྦྱོར་ཅུས་ཀྱི་ཚབ་ཞུས་ནས་ཚོགས་འདུར་ཞུགས་པ་དང་འབྲེལ། ཤིས་ཚིག་ཀྱང་བསྒྲོན་པ་རེད། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་རྒྱལ་ཁབ་80ལྷག་ཙམ་གྱི་འཐུས་མི་དང་། འཐུས་མི་གཞོན་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་བཅས་ཚོགས་འདུར་ཞུགས་པ་དང་གཏམ་བཤད་ཧུར་ཐག་སྤེལ་བ་རེད། རྒྱལ་ཁབ་ཁག་གིས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་འགྲོ་ལམ་དང་གྲུབ་འབྲས་ལ་ཚད་མཐོའི་བསྔགས་བརྗོད་བྱས་ནས་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་དབུལ་པོ་སེལ་བ་སོགས་ཁྱབ་ཁོངས་ཐད་ཀྲུང་གོར་ཐོབ་པའི་གྲུབ་འབྲས་ནི“འཛམ་གླིང་གི་ངོ་མཚར”ཞིག་ཡིན་པ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་ལ་འཕེལ་རྒྱས་གཏོང་དབང་ཐོབ་རྒྱུར་དགེ་མཚན་ལྡན་པའི་ཉམས་མྱོང་དང་གྲུབ་འབྲས་ཀྱི་མ་དཔེ་མཁོ་འདོན་བྱས་ཡོད་པའི་ངོས་འཛིན་བྱས་པ་རེད། ཚོགས་ཞུགས་རྒྱལ་ཁབ་ཁག་གིས་ཀྲུང་གོ་དང་མནའ་འབྲེལ་དུ་མི་ཞུགས་པའི་ལས་འགུལ་དབར་འཕེལ་རྒྱས་གཏོང་དབང་གི་གནད་དོན་ཐད་བརྗོད་དོན་གཙོ་བོའི་ཞོར་ཚོགས་འཚོགས་པར་ཚད་མཐོའི་བསྔགས་བརྗོད་བྱས་ཤིང་། ཚོགས་འདུ་དེ་སྐབས་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་མཐུན་སྒྲིལ་སྐུལ་འདེད་གཏོང་བའི་བརྗོད་དོན་གཙོ་བོ་དང་འཚམ་མཐུན་གང་ལེགས་བྱུང་ནས་འཕེལ་རྒྱས་ཀྱི་ཐུན་མོང་གི་ངོས་འཛིན་གཅིག་ཏུ་འགྲིལ་བ་དང་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་དོན་འཁྱོལ་བྱ་རྒྱུར་རམ་འདེགས་བྱས་ཡོད། ཀྲུང་གོ་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ལ། རྒྱལ་ཁབ་ཁག་གི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་དང་ཐུན་མོང་དར་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཀྱང་ཡོད་པའི་ངོས་འཛིན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།