དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཏན་ཏིག་གི་བླང་བྱ་བརྗོད་དོན་གཙོ་བོའི་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཀྲུང་དབྱིན།   |     སྤེལ་དུས།  2023-10-18

    “ཏན་ཏིག་གི་བླང་བྱ་བརྗོད་དོན་གཙོ་བོའི་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་འགོག་ཟོན་དང་ཁྱད་བསད་མཐའ་གཅིག་ཏུ་བྱེད་དགོས”ཞེས་ཉེ་ཆར་ཅང་ཤིས་སུ་རྟོག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་དང་པོའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ཕྱོགས་སྡོམ་བེད་སྤྱོད་བྱེད་པ་དང་སྤུས་ཚད་མཐོ་པོས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་རྒྱུའི་སྐོར་ལ་བླང་བྱ་ཁ་གསལ་བཏོན་གནང་བ་དང་། “རིགས་པའི་གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག་ལ་དམ་འཛིན་དངོས་འབྲེལ་བྱེད་པ་དང་། མངོན་གསལ་དོད་པའི་གནད་དོན་འཚོལ་བཤེར་དག་ཐེར་དངོས་འབྲེལ་བྱེད་པ། དམངས་ཕན་གྱི་བྱ་བ་དངོས་དངོས་འབྲེལ་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། དངོས་སྒྲུབ་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མི་སེར་གྱི་ཡིད་ཆེས་ཐོབ་པ་བྱེད་དགོས་པའི”ནན་བཤད་གནང་ཡོད།

    ལག་ལེན་གྱི་རང་བཞིན་ནི་མར་ཁེ་སི་རིང་ལུགས་ཀྱི་ཁྱད་ཆོས་མངོན་གསལ་དོད་ཤོས་ཤིག་ཡིན་པ་དང་། དམ་པ་དོན་གཉེར་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་བསམ་བློ་དང་ལས་ཀའི་བྱེད་ཐབས་གལ་ཆེན་ཞིག་ཡིན། དུས་རབས་གསར་པ་ཚུན་དུ། རང་རེའི་ཏང་གིས་མི་དམངས་དུང་ཕྱུར་མང་པོར་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་ཡུན་རིང་ཐག་གཅོད་མ་ཐུབ་པའི་དཀའ་གནད་མང་པོ་སེལ་བ་དང་ཕུགས་དང་འབྲེལ་བ་ཡོད་པའི་དོན་ཆེན་དང་བྱ་བ་གལ་ཆེན་མང་པོ་སྒྲུབ་ཐུབ་པའི་འགག་རྩ་ནི་གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་བཀོད་སྒྲིག་ལ་དམ་འཛིན་དང་། དོན་འཁྱོལ་ལ་དམ་འཛིན། ལྟ་བཤེར་ལ་དམ་འཛིན་བཅས་བྱས་ཏེ། རྒྱལ་ཁ་ཡོངས་སུ་མ་ཐོབ་ན་དམག་མཚམས་འཇོག་གི་མེད་པར་རག་ལུས་ཡོད། “ཏན་ཏིག”ནི་དོན་གཉེར་ལས་གཏོད་ཀྱི་རྨང་གཞི་ཡིན་པ་དང་མི་ཚུལ་ལྡན་ཞིག་བྱེད་པ་དང་ལས་དོན་ཏན་ཏིག་སྒྲུབ་པའི་གཞི་རྩ་དེ་ཡིན་པ་ལག་ལེན་ལས་ར་འཕྲོད་གང་ལེགས་ཐུབ་ཡོད། ཤུགས་ངོ་མ་རྒྱག་པ་དང་། ཐབས་ཇུས་དངོས་འདོན་པ། ཕན་འབྲས་དངོས་དོན་གཉེར་བཅས་བྱས་ཚེ་གཞི་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་པ་དང་དམངས་ཀྱི་ཡིད་ཆེས་ཐོབ་ཐུབ།

    རིགས་པའི་གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་ནི་བརྗོད་དོན་གཙོ་བོའི་སློབ་གསོའི་རྨང་གཞིའི་ལྷུ་ཚིགས་ཧ་ཅང་གལ་ཆེན་ཞིག་ཡིན་ལ། བརྗོད་དོན་གཙོ་བོའི་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པའི་གཙོ་གནད་བྱ་ཐབས་ཤིག་ཀྱང་རེད། རིགས་པའི་གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག་ལ་དམ་འཛིན་དངོས་འབྲེལ་བྱེད་པར། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་མར་ཁེ་སི་རིང་ལུགས་ཀྱི་སློབ་སྲོལ་དར་སྤེལ་ཤུགས་ཆེན་བཏང་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་ཏན་ཏིག་བྱ་རྒྱུར་སྐུལ་འདེད་གཏོང་བའི་ཐད་ཤུགས་རྒྱག་དགོས། བསམ་བློ་མང་ཙམ་གཏོང་བ་དང་ཟབ་སྦྱོང་མཐིལ་རྟོགས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དགོངས་པ་གལ་ཆེན་འདིའི་ཚན་རིག་མ་ལག་དང་། ལྟེ་བའི་དོན་སྙིང་། ལག་ལེན་བླང་བྱ་བཅས་ལ་ཕྱོགས་ཡོངས་ནས་སློབ་སྦྱོང་དང་གོ་བ་ཡག་པོ་བླངས་ནས། ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་བྱེད་པ་དང་། ཁྱིམ་སྐྱོང་གི་ནུས་རྩལ་ཆེ་ཤོས་དང་། ཏང་དར་རྒྱས་གཏོང་བའི་འཇོན་ཐང་། རྒྱལ་ཁབ་སྟོབས་ཆེར་གཏོང་བའི་འཇོན་ཐང་བཅས་སྦྱོང་དགོས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སྤྱོད་མཁས་པོ་བྱས་ནས། གནས་ཚུལ་གསར་པར་ཞིབ་འཇུག་དང་གནད་དོན་གསར་པ་ཐག་གཅོད་བྱེད་པ་དང་། དངོས་སྒྲུབ་ཀྱི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་གཏོང་བ། བརྟག་དཔྱད་ཞིབ་འཇུག་ལ་དམ་འཛིན་ཡག་པོ་བྱེད་པ། དངོས་དོན་ལ་རྟོག་ཞིབ་དང་། ཐབས་ཇུས་དངོས་འདོན་པ། ཕན་འབྲས་དངོས་ཐོན་པ་བཅས་ལ་ཤུགས་རྒྱག་པ། གནས་ཚུལ་ངོ་མ་མཐིལ་རྟོགས་དང་། གནད་དོན་གནད་འཁེལ་འཚོལ་བ། ཐབས་ཇུས་ཏན་ཏིག་འདོན་པ་བཅས་བྱས་ཏེ་བརྟག་དཔྱད་ཞིབ་འཇུག་གི་བྱས་འབྲས་དེ་ལས་ཀ་བྱེད་སྟངས་ལེགས་སུ་གཏོང་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་དངོས་ལ་སྒྱུར་དགོས།

    ཀྲེ་ཅང་དུ་རྟོག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རིམ་ཁག་ཏང་རྩ་འཛུགས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པའི་སྒྲིག་འཛུགས་འགོ་ཁྲིད་དང་ལས་ཀའི་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས། རིམ་པ་དང་། ཁྱབ་ཁོངས། དམིགས་ཡུལ་བཅས་མི་འདྲ་བའི་ཁྱད་ཆོས་ཁོང་དུ་ཆུད་པ་དང་། དོན་དངོས་དང་ཟུང་འབྲེལ། རིགས་དབྱེ་ནས་ཁྲིད་སྟོན། གོང་འོག་མཉམ་འགུལ་གྱིས་བཅོས་སྒྲིག་ལ་དམ་འཛིན་བཅས་བྱས་ཏེ་མང་ཚོགས་ཀྱིས་ཕན་འབྲས་དངོས་མཐོང་ཐུབ་པ་བྱེད་དགོས”ཞེས་གསུངས་ཡོད། སློབ་སྦྱོང་བྱེད་ཀྱིན་དུ་ལྟ་བསྡུར་དང་། འཚོལ་བཤེར། དག་ཐེར་བཅས་མཐའ་འཁྱོངས་ཀྱིས་ཏང་སྲོལ་གྱི་བླང་བྱ་དང་བསྡུར་ནས་ཧེ་བག་འཚོལ་བ་དང་། ཏང་གཤིས་ཀྱི་བླང་བྱ་དང་བསྡུར་ནས་འབྱུང་རྩ་འཚོལ་བ། ཏང་གི་སྒྲིག་ཁྲིམས་ཀྱི་བླང་བྱ་དང་བསྡུར་ནས་བྱེད་ཐབས་ཁ་གསལ་འདོན་པ། འཚོལ་བཤེར་དག་ཐེར་གྱི་ཕན་འབྲས་དངོས་ཆེ་རུ་གཏོང་བ་བཅས་བྱས་ཏེ། འཚོལ་བཤེར་དབྱེ་ཞིབ་གཏིང་ཟབ་དང་། བསམ་བློའི་འབྱུང་རྩ་སྔོག་འདོན། དག་ཐེར་དོན་འཁྱོལ་གཏིང་ཟབ་བཅས་བྱེད་དགོས། རང་ཉིད་དེའི་ནང་ཞུགས་པ་དང་། འགན་འཁྲི་འཁུར་བ། ལས་དོན་སྒྲུབ་པ། མངོན་གསལ་དོད་པའི་གནད་དོན་གྱི་ཆེད་དོན་བཅོས་སྒྲིག་ལ་དམ་འཛིན་ཡག་པོ་བྱེད་པ། མཁྲེགས་སར་གཏུག་ཕོད་པ། ནར་འགྱངས་བཏང་ནས་ཐག་གཅོད་མི་བྱེད་པ་དང་དག་ཐེར་བྱས་ཀྱང་ཡོ་བསྲང་མི་བྱེད་པ་སྔོན་འགོག་བྱེད་དགོས།

    དམངས་ལ་བདེ་སྐྱིད་བསྐྲུན་པ་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་སྲིད་སྐྱོང་ལས་རྗེས་ཆེ་ཤོས་དེ་རེད། དམངས་ཕན་གྱི་བྱ་བ་དངོས་ཏན་ཏིག་སྒྲུབ་པར། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོར་བཙུགས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་གསར་པར་བརྟེན་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་ལ་ཞིབ་དཔྱད་བྱེད་དགོས། ཐམས་ཅད་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་ཐམས་ཅད་མི་དམངས་ལ་བརྟེན་རྒྱུ་མཐའ་འཁྱོངས་བྱས་ནས། རང་རྟོགས་ངང་ཐབས་ཇུས་དང་མཁོ་དགོས་དམངས་ལ་འདྲི་བ་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་དང་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་སྦྲེལ་བཅས་བྱས་ཏེ“གྲུབ་འབྲས”ཆེན་པོ་བཏོད་པ་བརྒྱུད་དམངས་འཚོའི་བདེ་རྩ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། མི་དམངས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ནས་དམངས་འཚོར་ཕན་པ་དང་། དམངས་སེམས་དྲོས་པ། དམངས་འདུན་སྒྲུབ་པ་བཅས་ཀྱི་ལས་དོན་མང་ཚོགས་ཀྱི་འདོད་བློ་ལྟར་སྒྲུབ་དགོས།

    མིག་སྔར་རང་རྒྱལ་གྱི་འཕེལ་རྒྱས་དེ་འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁའི་འགྲན་སློང་མཉམ་གནས་དང་། ངེས་གཏན་མེད་ལ་སྔོན་དཔག་དཀའ་བའི་རྒྱུ་རྐྱེན་མང་བའི་དུས་སྐབས་སུ་སླེབས་ཡོད། ངེས་པར་དུ་རླུང་འཚུབ་རླབས་དྲག་གི་ཉམས་སད་ཆེན་པོ་ཐེག་ཐུབ་པའི་གྲ་སྒྲིག་བྱེད་དགོས། ལས་འགན་དཀའ་ཚེགས་ཇི་ཙམ་ཆེ་བ་དང་འགྲན་སློང་ཇི་ཙམ་ཛ་དྲག་ཆེ་ན་དེ་ཙམ་གྱིས་ཏང་འཛུགས་སྐྱོང་གི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་ཤུགས་ཆེན་བཏང་སྟེ་གསར་བརྗེའི་སྲོལ་རྒྱུན་རྒྱུན་འཛིན་དང་འབད་འཐབ་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱེད་དགོས། རྒྱུན་སྲིང་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་ཀྱིས་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། བསམ་བློའི་གོ་རྟོགས་མཐོ་རུ་གཏོང་བ། ཏང་གཤིས་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ་སོགས་དགོངས་པ་གལ་ཆེན་འདིའི་བླང་བྱ་རབ་དང་རིམ་པར་གོ་བ་གཏིང་ཟབ་ལེན་པ་དང་། ཐོག་མཐའ་བར་གསུམ་དུ་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་རང་བཞིན་རྒྱུན་འཁྱོངས་བྱེད་པ། ཐོག་མཐའ་བར་གསུམ་དུ་འབད་འབུངས་ཡར་བརྩོན་དང་། གཞན་གྱི་སྔོན་ལ་སྒྲུབ་ཕོད་པ། དཀའ་བ་ཁྱད་དུ་བསད་ནས་མདུན་དུ་སྐྱོད་པ་བཅས་ཀྱི་འབད་འཐབ་ཀྱི་རྣམ་འགྱུར་རྒྱུན་འཁྱོངས་བྱེད་པ། ཞུམ་མེད་འཐབ་རྩོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།