དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • གྲངས་གཞིའི་ཐོག་ནས《“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་ལག་ལེན་གལ་ཆེན》གྱི་རྒྱབ་ཤ་དཀར་པོའི་དེབ་ཀྱི་ནང་དོན་གསལ་འགྲེལ་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-17

    ཟླ་10ཚེས་10ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ། 《“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་ལག་ལེན་གལ་ཆེན》གྱི་རྒྱབ་ཤ་དཀར་པོའི་དེབ་ཡོངས་བསྒྲགས་བྱས་པ་རེད།

    གཙོ་བོ་ཕྱོགས་བཞིའི་ཐད་གྲུབ་འབྲས་ཐོབ་པ།

    ལོ་བཅུའི་རིང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་གཙོ་བོ་ཕྱོགས་བཞིའི་ཐད་གྲུབ་འབྲས་ཐོབ་པ་སྟེ།

    “འཛུགས་སྐྲུན་གྱི་འབྲེལ་མཐུད”ཐད། མཚོན་རྟགས་རང་བཞིན་གྱི་རྣམ་གྲངས་ཁག་གཅིག་གཅིག་རྗེས་གཉིས་མཐུད་ངང་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དང་། ཀྲུང་ཡོའི་དུས་གཏན་མེ་འཁོར་གྱིས་ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་སྐམ་སའི་སྐྱེལ་འདྲེན་བགྲོད་ལམ་གསར་པ་བཏོད་པ། “དར་གོས་ལམ་བུའི་མཚོ་ཐོག་སྐྱེལ་འདྲེན”གྱི་རྒྱལ་སྤྱིའི་མཚོ་ལམ་དྲ་རྒྱ་གོ་ལ་ཧྲིལ་པོར་ཤར་གཏོང་ཐུབ་པ། “ཁྱམས་དྲུག་ལམ་དྲུག་དང་རྒྱལ་མང་གྲུ་མང”གི་མཉམ་སྦྲེལ་མཉམ་མཐུད་ཀྱི་སྒྲོམ་གཞི་སྤྱིར་ན་ཆགས་ཡོད།

    “མཉམ་ལས་ཀྱི་འབྲེལ་མཐུད”ཐད།

    རྒྱལ་ཁབ་15དང《ས་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད》(RCEP)བཞག་པར་ཕྱོགས་ཡོངས་ནས་ནུས་པ་ཐོན་པ་དང་། ཀྲུང་གོས་རྒྱལ་ཁབ་དང་ས་ཁུལ་28དང་རང་མོས་ཚོང་དོན་གྱི་གྲོས་ཆོད་21བཞག་པ་དང་རྒྱལ་ཁབ་ཀྱི་ཚད་ལྡན་ཅན་གྱི་སྒྲིག་གཞི་དང་རྒྱལ་སྤྱིའི་རྩ་འཛུགས་65དང་ཚད་ལྡན་ཅན་གྱི་མཉམ་ལས་གྲོས་མཐུན་107བཞག་པ། རྒྱལ་ཁབ་དང་ས་ཁུལ་112དང་ཁྲལ་བསྡུ་ཉིས་བརྩེགས་མི་ཡོང་བ་བྱ་རྒྱུའི་གྲོས་ཆོད་བཞག་ཡོད།

    “སྤུས་རྟགས་ཀྱི་འབྲེལ་མཐུད”ཐད།

    མཉམ་སྐྲུན་རྒྱལ་ཁབ་དང་ས་ཁུལ་45དང་མཐོ་རིམ་སློབ་གསོའི་སློབ་རྒྱུས་དང་སློབ་གནས་ཕན་ཚུན་ཁས་ལེན་གྱི་གྲོས་མཐུན་བཞག་པ་དང་། མཉམ་སྐྲུན་རྒྱལ་ཁབ་144དང་རིག་གནས་དང་ཡུལ་སྐོར་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་བཞག་སྟེ“ལུའུ་པན་བཟོ་ཁང”དང“འོད་ཟེར་བྱ་སྤྱོད”སོགས“ཆུང་ལ་མཛེས་པའི”མཉམ་ལས་སྤུས་རྟགས་ཁག་གཅིག་བཏོད་ཡོད།

    ཚོང་དོན་མ་འཇོག་ཐད།

    2013ལོ་ནས་2022ལོའི་བར། ཀྲུང་གོ་དང་མཉམ་སྐྲུན་རྒྱལ་ཁབ་ཀྱི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་རིམ་རྩིས་བྱས་ན་ཨ་སྒོར་དུང་ཕྱུར་ཁྲི་19.1ཟིན་ནས་ལོ་རེར་ཆ་སྙོམས་6.4%འཕར་བ་དང་། མཉམ་སྐྲུན་རྒྱལ་ཁབ་དང་ཕྱོགས་གཉིས་ཀྱི་མ་འཇོག་བྱེད་ཚད་རིམ་རྩིས་བྱས་ན་ཨ་སྒོར་དུང་ཕྱུར་3800ལྷག་ཙམ་ཟིན་པའི་ནང་། ཀྲུང་གོས་ཕྱི་ཕྱོགས་ལ་ཐད་ཀར་མ་འཇོག་བྱེད་ཚད་ཨ་སྒོར་དུང་ཕྱུར་2400ལྷག་ཙམ་ཟིན་ཡོད།

    རྒྱལ་ཁབ་150ལྷག་ཙམ་དང་རྒྱལ་སྤྱིའི་རྩ་འཛུཊ་30ལྷག་ཙམ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་ཁྱིམ་ཚང་ཆེན་པོའི་ནང་ཞུགས་ཏེ། མཉམ་སྐྲུན་རྒྱལ་ཁབ་མི་དམངས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཟམ་མི་ཆད་པར་ཆེ་རུ་བཏང་བ་དེ་ནི་མིའི་རིགས་ཡོངས་ལ་ཕན་པའི་གསར་གཏོད་རླབས་པོ་ཆེ་ཞིག་རེད།

    དཔལ་འབྱོར་ཚོང་དོན་མཉམ་ལས་ཐད་ཁྱད་ཆོས་གསུམ་མངོན་པ།

    ལོ་བཅུའི་རིང་། ཀྲུང་གོས་མཉམ་སྐྲུན་རྒྱལ་ཁབ་དང་དཔལ་འབྱོར་ཚོང་དོན་ཁྱབ་ཁོངས་སུ་དངོས་སྒྲུབ་མཉམ་ལས་བྱས་ནས་གཉིས་ཁེ་གཉིས་ཕན་ལ་སྐུལ་འདེད་བཏང་སྟེ། གོ་ལ་ཧྲིལ་པོའི་སྒོ་དབྱེའི་མཉམ་ལས་ལ་སྐུལ་འདེད་ནུས་ལྡན་བཏང་བ་གཙོ་བོ་ཁྱད་ཆོས་གསུམ་ནས་མངོན་པ་སྟེ།

    ཚོང་དོན་མཉམ་ལས་ཀྱི་གྲངས་འབོར་འཕར་བ་དང་སྤུས་ཚད་མཐོ་རུ་ཕྱིན་པ། 2013ལོ་ནས་2022ལོའི་བར། རང་རྒྱལ་དང་མཉམ་སྐྲུན་རྒྱལ་ཁབ་ཀྱི་དངོས་ཟོག་ཚོང་དོན་གཞི་ཁྱོན་རིམ་རྩིས་བྱས་ན་ཨ་སྒོར་དུང་ཕྱུར་ཁྲི་19.1ཟིན་ནས་ལོ་རེར་ཆ་སྙོམས་འཕར་ཚད་6.4%ཟིན་པ་དེ་དུས་མཚུངས་ཀྱི་རང་རྒྱལ་གྱི་ཕྱི་ཕྱོགས་ཚོང་དོན་སྤྱི་ཡོངས་འཕར་ཚད་ལས་མཐོ་བ་ཡོད་ལ། དུས་མཚུངས་ཀྱི་གོ་ལ་ཧྲིལ་པོའི་ཚོང་དོན་འཕར་ཚད་ལས་ཀྱང་མཐོ་བ་ཡོད།

    ཕྱོགས་གཉིས་པོའི་མ་འཇོག་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ། 2013ལོ་ནས་2022ལོའི་བར། རང་རྒྱལ་དང་མཉམ་སྐྲུན་རྒྱལ་ཁབ་ཀྱི་ཕྱོགས་གཉིས་ཀྱི་མ་འཇོག་བྱེད་ཚད་རིམ་རྩིས་བྱས་ན་ཨ་སྒོར་དུང་ཕྱུར་3800ལྷག་ཙམ་ཟིན་པའི་ནང་མཉམ་སྐྲུན་རྒྱལ་ཁབ་ལ་ཐད་ཀར་མ་དངུལ་གཏོང་ཚད་ཨ་སྒོར་དུང་ཕྱུར་2400ལྷག་ཙམ་ཟིན་པ་དང་། མཉམ་སྐྲུན་རྒྱལ་ཁབ་ཀྱིས་ཀྱང་ཀྲུང་གོར་མ་འཇོག་ཧུར་ཐག་བྱས་ཤིང་། རིམ་རྩིས་བྱས་ན་ཀྲུང་གོར་མ་དངུལ་གཏོང་ཚད་ཨ་སྒོར་དུང་ཕྱུར་1400ལྷག་ཙམ་ཟིན་ཡོད།

    རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་བ། 2013ལོ་ནས་2022ལོའི་བར། རང་རྒྱལ་གྱིས་མཉམ་སྐྲུན་རྒྱལ་ཁབ་ཀྱི་འགན་གཙང་ལས་གྲྭར་ལོ་རེར་ཆ་སྙོམས་ལས་གཉེར་བྱས་པའི་ཡོང་འབབ་ཨ་སྒོར་དུང་ཕྱུར་1300ཙམ་ཟིན་པ་དང་། ཀྲུང་ལོའི་ལྕགས་ལམ་དང་། ཅ་དབན་མྱུར་བགྲོད་ལྕགས་ལམ། མོང་ནེ་ལྕགས་ལམ་སོགས་མཚོན་རྟགས་རང་བཞིན་གྱི་རྣམ་གྲངས་རབ་དང་རིམ་པ་བསྐྲུན་ནས་མཉམ་སྦྲེལ་མཉམ་མཐུད་ཀྱི་ཆུ་ཚད་མཐོ་རུ་ཤུགས་ཆེན་བཏང་ཡོད།

    མཚོན་རྟགས་རང་བཞིན་གྱི་སྤུས་རྟགས་ལ་ལེགས་སྐྱེས་ཆེན་པོ་གསུམ་ལྡན་པ།

    ལོ་བཅུའི་རིང་། ཀྲུང་ཡོའི་དུས་གཏན་མེ་འཁོར་དེ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཚོན་རྟགས་རང་བཞིན་གྱི་སྤུས་རྟགས་སུ་གྱུར་ནས་ལམ་རྒྱུད་རྒྱལ་ཁབ་འཕེལ་རྒྱས་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་བར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བསྔགས་བརྗོད་རྒྱ་ཁྱབ་ངང་ཐོབ་པ་གཙོ་བོ་ཕྱོགས་གསུམ་ནས་མཚོན་པ་སྟེ།

    ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་རྒྱལ་སྤྱིའི་སྐྱེལ་འདྲེན་གྱི་རྣམ་པ་གསར་པ་བཏོད་པ། འདི་ལོའི་ཟླ་དགུ་པའི་ཟླ་མཇུག་བར། ཀྲུང་ཡོའི་དུས་གཏན་མེ་འཁོར་ཡོ་རོབ་ཀྱི་རྒྱལ་ཁབ་25ཡི་གྲོང་ཁྱེར་217ལ་ཤར་གཏོང་ཐུབ་པ་དང་རིམ་རྩིས་བྱས་ན་མེ་འཁོར་ཁྲི་7.8བཏང་བ་དང་། དངོས་ཟོག་དབོར་འདྲེན་གྱིས་ཀྲུང་ཡོའི་ཚོང་དོན་བསྡོམས་འབོར་གྱི་བཟུང་ཚད་དེ་2016ལོའི་1.5%ནས་2022ལོའི་8%བར་མཐོ་རུ་ཕྱིན་ཡོད།

    རྒྱལ་སྤྱིའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་པོ་བྱུང་བ། མིག་སྔར། ཀྲུང་ཡོའི་དུས་གཏན་མེ་འཁོར་གྱི་ཟོག་འགྲེམས་སྐྱེལ་འདྲེན་དེ་རིགས་ཆེ་གྲས་53དང་ཐོན་རྫས་སྣ་ཁ་ཁྲི་5ལྷག་ཙམ་བར་མང་དུ་ཕྱིན་པ་དང་། ལྷག་པར་དུ་རིམས་ནད་ཐོན་རིང་ཀྲུང་ཡོའི་དུས་གཏན་མེ་འཁོར་ལྡོག་འཕར་བྱུང་ནས་ལོ་རེར་ཆ་སྙོམས་26.3%འཕར་ཏེ། རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ཀྱི“ཚེ་སྲོག་བགྲོད་ལམ”ཞེས་བརྗོད་ཀྱི་ཡོད།

    མཉམ་སྐྲུན་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ། ཀྲུང་ཡོའི་དུས་གཏན་མེ་འཁོར་གྱིས་རིམ་རྩིས་བྱས་ན་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཨ་སྒོར་དུང་ཕྱུར་3000ལྷག་ཙམ་ཟིན་པ་དང་། “རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་གྱི་ཆེད་སྤྱོད་མེ་འཁོར”དང“སྦྲག་སྲིད་ཆེད་སྤྱོད་མེ་འཁོར”སོགས་ལས་རྣམ་གསར་པ་རྒྱུན་ཆད་མེད་པར་ཐོན་ནས་མཉམ་སྐྲུན་རྒྱལ་ཁབ་ལ་འཕེལ་རྒྱས་ཀྱི་གོ་སྐབས་འབོར་ཆེན་ཐོབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།