དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཏིང་ཤུའེ་ཞང་གིས་ཀོང་ཏུང་དང་ཧྲེན་ཀྲེན་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-10-17

    ཤིན་ཧྭ་གསར་འགྱུར་ཁང་ཧྲེན་ཀྲེན་ནས་ཟླ་10ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་13ཉིན་ནས་ཚེས་15ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཤུའེ་ཞང་གིས་ཀོང་ཏུང་དང་ཧྲེན་ཀྲེན་དུ་བརྟག་ཞིབ་གནང་ཞིང་། ཁོང་གིས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ་གསར་གཏོད་ནི་སྒུལ་ཤུགས་ཨང་དང་པོ་ཡིན་པ་མཐའ་འཁྱོངས་བྱེད་པ་དང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་ལེན་གཏིང་ཟབ་བསྟར་བ། འགག་རྩའི་ལྟེ་བའི་ལག་རྩལ་གྱི་འགག་སྒྲོལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཁྱབ་ཁོངས་གསར་པ་དང་འགྲན་ལམ་གསར་པ་གཏོད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་ལེགས་ཆ་གསར་པ་གཏོད་དགོས་པའི་ནན་བཤད་གནང་བ་རེད།

    ཏིང་ཤུའེ་ཞང་ཧོ་ཐའོ་ཧྲེན་ཀང་ཚན་རྩལ་གསར་གཏོད་མཉམ་ལས་ཁུལ་གྱི་འགྲེམས་སྟོན་སྤེལ་རེས་ལྟེ་གནས་སུ་ཕེབས་ཏེ། ཧྲེན་ཀང་ཚན་རྩལ་གསར་གཏོད་མཉམ་ལས་དང་གླིང་གི་སྤྱིའི་འཆར་འགོད་འཛུགས་སྐྲུན་གནས་ཚུལ་ལ་བརྟག་ཞིབ་གནང་ནས་བཅའ་སྡོད་ཁེ་ལས་ཀྱི་འགན་འཁུར་བ་དང་ཚན་ཞིབ་མི་སྣ་དང་སྤེལ་རེས་གནང་བ་རེད། ཏིང་ཤུའེ་ཞང་གིས་སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་ལ་བརྟེན་ནས་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཚད་མཐོའི་སྒོ་དབྱེའི་རྒྱལ་སྤྱི་ཅན་གྱི་ཚན་ཞིབ་ལམ་ལུགས་ཀྱི་ཁོར་ཡུག་གཏོད་རྒྱུར་ཤུགས་སྣོན་རྒྱག་པ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་གླིང་གི་གཉེར་སྐྱོང་དོ་དམ་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། ཚན་རྩལ་ཐོན་ཁུངས་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་རྩེར་སོན་ཚན་རྩལ་ཤེས་ལྡན་མི་སྣ་རྒྱ་ཁྱབ་ངང་འགུགས་པ། རྒྱལ་སྤྱིའི་རྩེར་སོན་ཚན་རྩལ་གསར་གཏོད་ལས་སྟེགས་གང་མགྱོགས་བསྐྲུན་པ། གཡོད་ཀང་ཨའོ་ཁུག་ཆེན་ཁུལ་གྱི་རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་ལྟེ་གནས་བསྐྲུན་པ་བཅས་བྱེད་དགོས་ཞེས་གསུངས་པ་རེད།

    ཏ་ཅང་གསར་གཏོད་ཚན་རྩལ་ཚད་ཡོད་ཀུང་སི་དེ་གོ་ལ་ཧྲིལ་པོའི་སྔོན་ཐོན་གྱི་དམངས་སྤྱོད་མི་མེད་གནམ་གྲུ་ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད་ཁེ་ལས་ཡིན་པའི་ངོས་ནས་ཉེ་བའི་ལོ་ཤས་རིང་ཐོན་རྫས་གསར་པ་ཟམ་མི་ཆད་པར་བཏོན་པ་དང་བཀོལ་སྤྱོད་ཁྱབ་ཁོངས་རྒྱ་ཆེར་བཏང་ཡོད། ཏིང་ཤུའེ་ཞང་གིས་ཁེ་ལས་ཀྱི་ལག་རྩལ་ཞིབ་འཇུག་གསར་སྤེལ་གསར་གཏོད་དང་གཉེར་སྐྱོང་འཕེལ་རྒྱས་ཀྱི་གནས་ཚུལ་སྙན་སེང་ནན་ཏན་ངང་གསན་ནས་ཞིང་ལས་ཞབས་ཞུ་དང་། མྱུར་སྐྱེལ་སྐྱེལ་འདྲེན། གློག་བརྙན་སྨྱན་སྦྱོར་སོགས་ཀྱི་ཐད་མི་མེད་གནམ་གྲུ་བཀོལ་སྤྱོད་བྱས་ཚུལ་ལ་མཁྱེན་རྟོགས་གནང་བ་རེད། ཁོང་གིས་ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་ཀྱི་བྱེད་པོའི་གནས་བབ་ལ་ཤུགས་སྣོན་རྒྱག་པ་དང་། ཁེ་ལས་ཀྱིས་གཙོ་ཁྲིད་བྱེད་པའི་ཐོན་སློབ་ཞིབ་གསུམ་མཉམ་འདྲེས་གཏིང་ཟབ་ལ་ཤུགས་སྣོན་རྒྱག་པ། ཐོན་ལས་འཁོར་འབྲེལ་གྱི་གོང་འོག་དང་ཁེ་ལས་ཆེ་འབྲིང་ཆུང་གསུམ་མཐུན་སྦྱོར་གསར་གཏོད་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཚན་རྩལ་གྱི་གྲུབ་འབྲས་ཐོན་སྐྱེད་ནུས་ཤུགས་དངོས་ལ་གང་མགྱོགས་སྒྱུར་བ་དང་མ་འཇོག་ནུས་ལྡན་ལ་སྐུལ་ཁྲིད་དང་འཛད་སྤྱོད་ཀྱི་དགོས་མཁོ་བཏོད་དེ་ལེགས་ཆ་ལྡན་པའི་ཐོན་ལས་དང་དཔལ་འབྱོར་གྱི་འཕར་གཞི་གསར་པ་གཏོད་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།