རྒྱལ་ཁབ་མང་པོ་ཞིག་གི་སྒྱུ་རྩལ་མཁས་ཅན་གནའ་བོའི་གྲོང་ཁྱེར་ཤིས་ཨན་དུ་འཛོམས་ནས་དར་གོས་ལམ་བུའི་ལེའུ་གསར་པ་བརྩམས་པ།
ཤིན་ཧྭ་གསར་འགྱུར་ཁང་ཤིས་ཨན་ནས་ཟླ་10ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཚེས་15ཉིན་གྱི་དགོང་མོར། དར་གོས་ལམ་བུའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་སྐབས་དགུ་པ་ཧྲའན་ཤིས་ཞིང་ཆེན་ཤིས་ཨན་གྲོང་ཁྱེར་དུ་འགོ་ཚུགས་ཤིང་། འབྱུང་འགྱུར་ཉིན་14ཡི་ནང་སྐབས་འདིའི་སྒྱུ་རྩལ་དུས་ཆེན་ལ་རྒྱལ་ཁབ་དང་ས་ཁུལ་90ལྷག་ཙམ་དང་དེ་བཞིན་རྒྱལ་ནང་གི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)9ཡི་སྒྱུ་རྩལ་བརྩམས་ཆོས་འགྲེམས་སྟོན་བྱས་ནས། རྒྱ་ཆེའི་མི་དམངས་མང་ཚོགས་ལ་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་མྱོང་ཚོར་དང་དར་གོས་ལམ་བུའི་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་མཉམ་སྤྱོད་བྱེད་དུ་འཇུག་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་སྒྱུ་རྩལ་དུས་ཆེན་གྱིས“དར་གོས་ལམ་བུའི་ལེའུ་གསར་པ། མཛེས་སྡུག་ལྡན་པའི་འབྱུང་འགྱུར་གསར་པ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་འགོ་ཚུགས་དང་མཇུག་འགྲིལ་མཛད་སྒོ་དང་། རིག་རྩལ་འཁྲབ་སྟོན། མཛེས་རྩལ་འགྲེམས་སྟོན། དམངས་ཕན་སྐོར་སྐྱོད་འཁྲབ་སྟོན། དྲ་ཐོག་འགྲེམས་སྟོན། ཆེད་དོན་བྱེད་སྒོ་བཅས་ནང་དོན་ཁག་6གི་བྱེད་སྒོ་སྤེལ་བ་རེད། གར་སྟེགས་སྒྱུ་རྩལ་གྱི་ཕུལ་བྱུང་བརྩམས་ཆོས་37ཕུད་རྒྱལ་ཁབ་ཕྱི་ནང་གི་སྒྱུ་རྩལ་མཁས་ཅན་ཚོས་ད་དུང་མཛེས་ལྗོངས་ཁུལ་དང་། ཁྲོམ་གཞུང་། རིག་གནས་ཁང་སོགས་སུ་བསྐྱོད་དེ་མང་ཚོགས་ལ་དམངས་ཕན་སྐོར་སྐྱོད་འཁྲབ་སྟོན་བྱ་རྒྱུ་རེད།
སྐབས་འདིའི་སྒྱུ་རྩལ་དུས་ཆེན་ནང་ཞུགས་མཁན་ཨ་ཟེར་བྷེ་ཇན་གྱི་རོལ་མོ་ཉིས་དཀྲོལ་མཁན་ས་ཤིས་པུའུ·ཕ་ཧྲ་ཀྲ་ཏེ་ཡིས་ཨ་ཟེར་བྷེ་ཇན་གྱི་སྲོལ་རྒྱུན་རོལ་དབྱངས་མུའུ་ཁ་མུའུ་དང་ཀྲུང་གོའི་རོལ་དབྱངས་ཀྱི་གཞི་རྒྱུ་མཉམ་འདྲེས་བྱས་པའི་རོལ་དབྱངས་གསར་པ་ཞིག་རྩོམ་རྒྱུ་རེད། ཁོང་གིས་སྒྱུ་རྩལ་དུས་ཆེན་གྱིས་རིག་གནས་ལས་བརྒལ་བའི་སྤེལ་རེས་ལ་ལས་སྟེགས་མཁོ་འདོན་བྱས་ཡོད་པས་སྒྱུ་རྩལ་དུས་ཆེན་ལ་བརྟེན་ནས་ཨ་ཟེར་བྷེ་ཇན་དང་ཀྲུང་གོའི་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་བ་དང་མི་དམངས་དབར་ཕན་ཚུན་ཤེས་རྟོགས་ཐུབ་རྒྱུར་རེ་བ་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།