དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • དུས་རབས་གསར་པའི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་གྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས།

    —— རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-17

    མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།

    ཉིན་ཤས་གོང་འཚོགས་པའི་རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་དངོས་སུ་བཏོན་པ་དང་བརྒྱུད་རིམ་ལྡན་པའི་ངང་རྒྱས་བཤད་བྱས་ཏེ། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ཐད་བཀོད་སྒྲིག་གལ་ཆེན་བྱས་པ་དང་། “གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ལས་འགན་དང་བླང་བྱ་ཁག་དོན་ཐོག་ཏུ་འཁྱོལ་བ་བྱས་ཏེ། ལས་ཀའི་ནུས་པ་དང་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་ལས་ཀའི་སྤུས་ཚད་དང་ཕན་ནུས་ཆེ་རུ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ཆེན་རྒྱལ་ཁབ་སྐྲུན་པ་དང་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་གཏོད་པའི་འབད་འཐབ་དང་ལག་ལེན་ཁྲོད་རྣམ་པ་གསར་པ་ཡོད་པ་དང་བྱས་རྗེས་གསར་པ་འཇོག་དགོས”ཞེས་ནན་བཤད་གནང་བ་རེད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་ཀྱི་ཉམས་མྱོང་ལ་ཕྱོགས་སྡོམ་གཏིང་ཟབ་དང་དུས་རབས་ཀྱི་འཕེལ་ཕྱོགས་ཆེན་པོ་གསལ་རྟོགས་གཏིང་ཟབ་གནང་ནས“དར་ཆ་གསལ་སྟོན་གྱིས་ཏང་གིས་དྲིལ་བསྒྲགས་ལ་དོ་དམ་དང་འདུ་ཤེས་འཛིན་སྟངས་ལ་དོ་དམ་བྱས་ཏེ། ཏང་གི་དར་ཆ་དྲིལ་བསྒྲགས་དང་བསམ་བློ་འཐབ་ཕྱོགས་སུ་མཐོན་པོར་སྒྲེང་དགོས་པ”དང་། “ཏང་གིས་སྨྱན་སྦྱོར་ལ་དོ་དམ་བྱེད་པའི་རྩ་དོན་ལ་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་དང་། ཆབ་སྲིད་མཁས་ཅན་གྱིས་ཚགས་པར་གཉེར་བ་དང་། དུས་དེབ་འདོན་པ། རླུང་འཕྲིན་བརྙན་འཕྲིན་གཉེར་བ། གསར་འགྱུར་དྲ་ཚིགས་གཉེར་བ་བཅས་མཐའ་འཁྱོངས་བྱེད་དགོས་པའི”ནན་བཤད་གནང་བ་དང་། “འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་ནི་ཏང་གི་གལ་འགངས་ཤིན་ཏུ་ཆེ་བའི་ལས་དོན་ཞིག་ཡིན་པ”དང“ཏང་གིས་འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་ལ་འགོ་ཁྲིད་བྱེད་པའི་དབང་ཆ་སྟངས་འཛིན་ཡག་པོ་བྱེད་དགོས”ཞེས་གསུངས་པ། “དྲིལ་བསྒྲགས་དང་བསམ་བློའི་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་ཏང་ཡོངས་ནས་འགོ་འཛུགས་དགོས་པ”དང“དྲིལ་བསྒྲགས་ཆེན་པོའི་ལས་ཀའི་འདུ་ཤེས་བཙུགས་ཏེ་འཐབ་ཕྱོགས་ཁག་དང་སྡེ་ཚན་ཁག་མཉམ་དུ་ལས་དོན་བསྒྲུབ་རྒྱུར་སྐུལ་སློང་བྱེད་དགོས་པའི”བླང་བྱ་བཏོན་གནང་བ་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་འོག དུས་རབས་གསར་པའི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་དུས་བབ་ལ་ཁྱོན་ཡོངས་དང་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་རྒྱུ་ནི་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་འགན་ལེན་ཞིག་ཡིན་པ་ལག་ལེན་ཁྲོད་ནས་གསལ་བཤད་གང་ལེགས་བྱས་ཡོད།

    ཐེངས་འདིའི་རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་ལེན་བསྟར་བར་དམིགས་པ་དང་། རིག་གནས་འཛུགས་སྐྱོང་སྐོར་གྱི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་བྱེད་རྒྱུར་དམིགས་ནས། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་ལས་འགན་གཙོ་བོ་སྔར་བས་ཁ་གསལ་བཟོས་ཡོད། བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ནས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་དམིགས་པ། རིག་གནས་ཀྱི་ལས་འགན་གསར་པར་དམིགས་པ། རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ། སྒོ་དབྱེ་བསྟུན་མཁས་རྒྱུན་འཁྱོངས་བྱེད་པ། གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་བྱེད་པ། “ཤུགས་རྒྱག་དགོས་པ་བདུན”གྱི་བླང་བྱ་དོན་འཁྱོལ་བཅས་བྱས་ནས་དུས་རབས་གསར་པའི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་གྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས།

    ཚོགས་འདུའི་བཀོད་སྒྲིག་གཞིར་བཟུང་། རྒྱུན་འཁྱོངས་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་ཡོང་བར་བྱས་ཏེ་དངོས་འབྲེལ་སློབ་སྦྱོང་དང་། དངོས་འབྲེལ་ཤེས་པ། དངོས་འབྲེལ་ཡིད་ཆེས། དངོས་འབྲེལ་བེད་སྤྱོད་བཅས་དང་ཟབ་གཏོང་དང་། ནང་འཇགས། གཞན་སྒྱུར་བཅས་ཀྱི་ཐད་ཤུགས་སྣོན་རྒྱག་དགོས་པ་དང་། འབད་འབུངས་ཡར་བརྩོན་གྱི་དུས་རབས་གསར་པའི་གཙོ་རྒྱུན་བསམ་བློའི་གླེང་ཕྱོགས་སྲ་བརྟན་དང་སྟོབས་ཆེར་གཏོང་བ་དང་གདེང་ཚོད་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་བྱས་ནས་དྲང་ཕྱོགས་ཀྱི་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་སྟེ་གླེང་ཕྱོགས་ཀྱི་ཁྲིད་སྟོན་ནུས་པ་ཆེ་རུ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་རྒྱ་ཁྱབ་བྱས་ནས་བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་ལས་དོན་ལེགས་སུ་གཏོང་བ་དང་གསར་གཏོད་བྱེད་པ། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བ་དང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་པར་སྐུལ་འདེད་གཏོང་བ། ཕྱི་ཕྱོགས་དྲིལ་བསྒྲགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་བཏང་སྟེ་ཀྲུང་ཧྭའི་ཤེས་དཔལ་བརྒྱུད་སྤེལ་བྱེད་ནུས་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་བ། འདུ་ཤེས་འཛིན་སྟངས་ཀྱི་ཉེན་ཁ་འགོག་ཟོན་དང་ནུས་ལྡན་ངང་མཐའ་གཅིག་ཏུ་སེལ་ནས་རལ་གྲི་འཕྱར་ཕོད་པ་དང་འཐབ་རྩོད་བྱེད་ཕོད་པ་བཅས་བྱེད་དགོས།

    ཏང་གིས་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ཚེ་གཞི་ནས་རིག་གནས་ཀྱི་ལས་འགན་གསར་པ་འཁུར་བར་ཆབ་སྲིད་ཀྱི་འགན་ལེན་བརྟན་པོ་ཞིག་མཁོ་འདོན་བྱེད་ཐུབ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ཏུ་བརྩིས་ནས་ཕྲག་ཐོག་ཏུ་ཁུར་ཏེ་རིག་གནས་འཛུགས་སྐྱོང་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པར་འགན་ལེན་བྱེད་དགོས། རིམ་ཁག་དྲིལ་བསྒྲགས་དང་རིག་གནས་སྡེ་ཚན་གྱིས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ནས་སྒྱུར་བཅོས་དང་གསར་གཏོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་ཕོད་པ་དང་བྱེད་མཁས་པོ་བྱས་ཏེ། དུས་རབས་གསར་པའི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་གྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས”ཞེས་ནན་བཤད་གནང་བ་རེད། ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་བྱས་ནས་དེ་བས་རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་པ་དང་། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། སྒྱུར་བཅོས་དང་གསར་གཏོད་བྱེད་ཕོད་པ་བྱས་ཏེ་བསམ་བློ་གསར་པ་དང་ལམ་སྲོལ་གསར་པ་འདོན་པ་དང་བེད་སྤྱོད་མཁས་པོ་བྱས་ནས་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་གྱི་ནང་གནས་གསོན་ཤུགས་དེ་བས་ལེགས་པའི་སྒོ་ནས་འཕེལ་བར་བྱེད་དགོས། ཁྲིམས་སྐྱོང་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲིམས་སྐྱོང་གི་རྣམ་པ་བརྒྱུད་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དེ་བས་མཐོང་ཆེན་བྱེད་དགོས། ལས་བྱེད་ཤེས་ལྡན་པའི་དཔུང་ཁག་སྟོབས་ཆེར་བཏང་སྟེ་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་གྱི་འཇོན་ཐང་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ཐོག་ཆབ་སྲིད་ཀྱི་ཉམས་སད་ཐེག་ཐུབ་པ་དང་། འཇོན་ཐང་ཆེ་བ། དངོས་སྒྲུབ་གསར་གཏོད། དམག་འཐབ་རྒྱག་ཐུབ་པ་དང་རྒྱལ་ཁ་ལེན་ཐུབ་པ་བཅས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་གྱི་དཔུང་ཁག་ཅིག་ཧུར་ཐག་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།