བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་བཀའ་རྒྱ་བཀྲམ་ནས།
འདི་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་ཐད་བླང་བྱ་ཁ་གསལ་བཏོན་པ།
ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་མ་ཐོན་སྔོན་འགོག་ནུས་ལྡན་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཆེད། འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་གཏན་འབེབས་ལ་གཞིགས་ནས། ཉེ་ཆར་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་འདི་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་གྱི་བཀའ་རྒྱ་བཀྲམ་པ་རེད། རང་ལྗོངས་ཀྱི་འདི་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དུས་ཚོད་ནི་2023ལོའི་ཟླ་10ཚེས་1ཉིན་ནས་2024ལོའི་ཟླ་5ཚེས་31ཉིན་བར་ཡིན་ཞིང་། དེའི་ཁྲོད་2023ལོའི་ཟླ་12ཚེས་15ཉིན་ནས་2024ལོའི་ཟླ་4ཚེས་30ཉིན་བར་ནི་མེ་ཟོན་གྱི་འགག་རྩའི་དུས་ཚོད་ཡིན་པ་ཁ་གསལ་བཏོན་ཡོད།
མེ་ཟོན་བཀའ་རྒྱའི་ནང་བསྟན་དོན། མེ་ཟོན་དུས་ཚིགས་རིང་གཏན་འབེབས་ལྟར་ནགས་ལས་དང་འབྲོག་ལས་ཁུལ་གྱི་འགྲིམ་འགྲུལ་གྱི་འགག་མདོ་དང་། རང་བྱུང་སྲུང་སྐྱོང་ཁུལ། ནགས་ཚལ་སྤྱི་གླིང་། མཛེས་ལྗོངས་ཁུལ་སོགས་ཀྱི་ཐོན་ས་དང་འཛུལ་སར་ཞིབ་བཤེར་ས་ཚིགས་བཙུགས་ནས་ཆེད་མིས་ལྟ་སྐུལ་གྱིས་རི་རྒྱ་བསྡམས་ནས་མེ་ཟོན་དང་། རིར་སྐྱོད་མཁན་ཐོ་འགོད། མེ་སོན་གཞུང་བཞེས། གཙོ་གནད་ལ་ལྟ་སྐུལ་ཚོད་འཛིན་སོགས་ཀྱི་བྱེད་ཐབས་དོན་འཁྱོལ་བྱེད་རྒྱུ་ཡིན། མེ་སྤྱོད་ཞིབ་མཆན་ལམ་ལུགས་ལག་བསྟར་ནན་པོ་བྱས་ནས་ནགས་ཁུལ་གྱི་ཕྱི་རོལ་དུ་མེ་སྤྱོད་སྐབས“གཏན་འགོག་བཅུ”(ནགས་ཁུལ་གྱི་ཕྱི་རོལ་དུ་མེ་བཏང་ནས་ཁ་ལག་བཟོ་བ་དང་། ནགས་ཁུལ་གྱི་ཕྱི་རོལ་དུ་མེ་བཏང་ནས་དྲོད་ལེན་པ། ནགས་ཁུལ་གྱི་ཕྱི་རོལ་དུ་བསང་གཏོང་བ། ནགས་ཁུལ་གྱི་ཕྱི་རོལ་དུ་ཉི་ཐབ་སྤྱོད་པ། ནགས་ཁུལ་དུ་ཐ་མག་འཐེན་པ། ནགས་ཁུལ་དུ་རྔོན་རྒྱག་པ། ནགས་ཁུལ་དུ་ཤིང་གཅོད་པ། ནགས་ཁུལ་དུ་མེ་ཕུང་དགོང་ཚོགས་གཉེར་བ། ནགས་ཁུལ་དུ་འབར་དངོས་སྐྱེལ་འདྲེན་དང་བེད་སྤྱོད་པ། ནགས་ཁུལ་དུ་ཨར་སྐྲུན་གྱི་རྫས་མེ་སྤོར་བ་དང་ཚ་ཁ་ལྟ་བ་བཅས་གཏན་འགོག)ཡི་ལམ་ལུགས་ལག་བསྟར་ནན་པོ་བྱེད་དགོས་པ་དང་། ཆོག་མཆན་མ་ཐོབ་པར་མེ་ཟོན་ཁུལ་དུ་རང་དགར་མེ་སྤྱོད་རིགས་འབྲེལ་ཡོད་གཏན་འབེབས་ལྟར་ཞིབ་བཤེར་ཐག་གཅོད་ལྕི་པོ་དང་མྱུར་པོ་བྱེད་རྒྱུ་ཡིན།