གནམ་ཐང་བསྐྲུན་ནས་ས་ཁུལ་མཉམ་སྦྲེལ་མཉམ་མཐུད་ལ་སྐུལ་འདེད་བཏང་བ།
འདི་ནི་ཕ་ཁི་སི་ཐན་གྱི་ཀྭ་ཏར་ཤིན་རྒྱལ་སྤྱིའི་གནམ་ཐང་གི་གནམ་ཐང་བབས་ཚུགས་ཡིན་པ། ཏིང་ཁན་གྱིས་པར་བླངས།
འདི་ནི་ཁམ་ཕུ་ཁྲེའི་ཤན་ལི་ཝུའུ་ཀོ་རྒྱལ་སྤྱིའི་གནམ་ཐང་གི་གནམ་ཐང་བབས་ཚུགས་ཡིན་པ། ཧུའུ་ཤིན་ལིན་གྱིས་པར་བླངས།
འདི་ནི་ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་ལི་པེ་རི་ཡའི་ལུའོ་པོའོ་ཚེ་རྒྱལ་སྤྱིའི་གནམ་ཐང་གི་རིམ་སྤོར་རྒྱས་སྐྲུན་རྣམ་གྲངས་ཡིན་པ། མོང་ལིང་རུའུ་ཡིས་པར་བླངས།
འདི་ནི་ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་ལྷོ་སུའུ་ཏན་གྱི་ཀྲུའུ་པ་རྒྱལ་སྤྱིའི་གནམ་ཐང་གི་བསྐྱར་སྐྲུན་རྒྱས་སྐྲུན་རྣམ་གྲངས་ཡིན་པ། ལི་ཀྲའོ་ཡིས་པར་བླངས།
འདི་ནི་འགྲུལ་པས་ཨེ་ཙེ་ཨོ་ཕི་ཡའི་པོ་ལའེ་རྒྱལ་སྤྱིའི་གནམ་ཐང་གི་རྒྱ་ཡིག་གི་ཞབས་ཞུའི་སྟེགས་བུ་བརྒྱུད་བཞིན་པ། དབན་ཡུས་ཀྱིས་པར་བླངས།
འདི་ནི་ཨེ་ཙེ་ཨོ་ཕི་ཡའི་པོ་ལའེ་རྒྱལ་སྤྱིའི་གནམ་ཐང་གི་T2གནམ་ཐང་བབས་ཚུགས་ཡིན་པ། ཀྲང་ཧུང་ཝེ་ཡིས་པར་བླངས།
གནམ་ཐང་ནི་མཁའ་དབྱིངས་འབྲེལ་མཐུད་ཀྱི་རྨང་གཞིའི་སྒྲིག་བཀོད་གཙོ་བོ་ཡིན། ལོ་10ཡི་རིང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གཏིང་ཟབ་དང་ཏན་ཏིག་བྱས་པ་དང་ཆབས་ཅིག ཀྲུང་གོའི་ཁེ་ལས་ཀྱིས་མ་དངུལ་བཏང་བ་དང་། སྐྲུན་འགན་འཁུར་བ། སྒྱུར་བཀོད་བྱས་པ་བཅས་ཀྱི་གནམ་ཐང་དང་གནམ་ཐང་བབས་ཚུགས་གཅིག་རྗེས་གཉིས་མཐུད་ངང་བསྐྲུན་ཟིན་ནས་འགྲུལ་ཟོག་སྐྱེལ་འདྲེན་བྱེད་ཚད་རྒྱུན་ཆད་མེད་པར་མང་དུ་ཕྱིན་ཏེ་ས་ཁུལ་གྱི་མཁའ་འགྲུལ་ལྟེ་གནས་གལ་ཆེན་དུ་གྱུར་ནས་ས་ཁུལ་མཉམ་སྦྲེལ་མཉམ་མཐུད་ལ་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད།
ཕ་ཁི་སི་ཐན་གྱི་ཀྭ་ཏར་ཤིན་རྒྱལ་སྤྱིའི་གནམ་ཐང་།
ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་ཀྱི་སྒྲོམ་གཞིའི་འོག་གི་གཙོ་གནད་རྣམ་གྲངས་ཤིག་ཡིན་པའི་ཀྭ་ཏར་ཤིན་རྒྱལ་སྤྱིའི་གནམ་ཐང་2019ལོར་སྐྲུན་འགོ་ཚུགས་པ་དང་། མིག་སྔའི་བར་གནམ་ཐང་གི་རྒྱུག་ལམ་དང་། གནམ་གྲུ་འཇོག་ས། ལྕོག་རིང་སྟེགས་བུ་སོགས་འགག་རྩའི་ལས་གྲྭའི་རྣམ་གྲངས་སྔ་རྗེས་སུ་ལེགས་སྒྲུབ་ཟིན་ནས་སྔོན་དཔག་བྱས་ན་2024ལོའི་ལོ་སྟོད་དུ་འབྲེལ་ཡོད་འཛུགས་སྐྲུན་ལས་དོན་ཁྱོན་ཡོངས་ནས་ལེགས་སྒྲུབ་ཡོང་རྒྱུ་རེད། ཀྭ་ཏར་ཤིན་རྒྱལ་སྤྱིའི་གནམ་ཐང་རྣམ་གྲངས་དོ་དམ་ཚོགས་ཆུང་གི་ཙུའུ་ཀྲང་ཏིང་ཁན་གྱིས། གནམ་ཐང་གི་ས་བཟུང་རྒྱ་ཁྱོན་སྤྱི་ཆིང་1800ཟིན་པ་དང་། དེའི་ཇུས་འགོད་དང་འཛུགས་སྐྲུན་གྱི་ཚད་གཞི་ཚང་མ་ཀྲུང་གོ་དང་རྒྱལ་སྤྱིའི་ཀུན་སྤྱོད་དམངས་སྤྱོད་མཁའ་འགྲུལ་གནམ་ཐང་འཛུགས་སྐྲུན་གྱི་ཚད་གཞི་དང་མཐུན་ཡོད། གནམ་ཐང་གི་རྒྱུག་ལམ་གྱི་རིང་ཚད་ལ་སྨི་3658ཡོད་པ་དང་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་འབབ་འཕུར་བྱེད་ཐུབ་ནས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མང་བའི་དགོས་མཁོ་རྦད་དེ་སྐོང་ཐུབ་ཀྱི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
ཁམ་ཕུ་ཁྲེའི་ཤན་ལི་ཝུའུ་ཀོ་རྒྱལ་སྤྱིའི་གནམ་ཐང་།
2016ལོར་ཡུན་ནན་ཞིང་ཆེན་མ་འཇོག་མ་རྐང་ཚོད་འཛིན་ཚོཊ་པ་དང་། ཡུན་ནན་ཞིང་ཆེན་འཛུགས་སྐྲུན་མ་འཇོག་མ་རྐང་ཚོད་འཛིན་ཚོགས་པ། ཡུན་ནན་ཞིང་ཆེན་མཁའ་འགྲུལ་ཐོན་ལས་མ་འཇོག་ཚོགས་པ་སོགས་ཀྲུང་གོའི་ཁེ་ལས་གསུམ་གྱིས་ཐུན་མོང་ཐོག་ཝུའུ་ཀོ་རྒྱལ་སྤྱིའི་གནམ་ཐང་མ་འཇོག(ཁམ་ཕུ་ཁྲེ)ཚད་ཡོད་ཀུང་སི་བཙུགས་ནས་ཤན་ལི་ཝུའུ་ཀོ་རྒྱལ་སྤྱིའི་གནམ་ཐང་རྣམ་གྲངས་ཀྱི་མ་འཇོག་དང་། འཛུགས་སྐྲུན། ལས་གཉེར་བཅས་ཀྱི་ལས་འགན་འཁུར་ཡོད། རྣམ་གྲངས་དེ་2020ལོའི་ཟླ་གསུམ་པར་དངོས་སུ་སྐྲུན་འགོ་ཚུགས་པ་དང་མིག་སྔར་བདེ་བླག་ངང་ལེགས་སྒྲུབ་བྱུང་བ་དང་འབྲེལ་ལས་མཇུག་འགྲིལ་བའི་ཞིབ་བཤེར་རྩིས་ལེན་ཡང་ཐུབ་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། གནམ་ཐང་གསར་པ་སྤྱོད་འགོ་ཚུགས་རྗེས་ཤན་ལི་རྒྱལ་སྤྱིའི་གནམ་ཐང་དངོས་སུ་སྒོ་བརྒྱབ་ནས་འགྲུལ་སྐྱེལ་དང་ཟོག་འདྲེན་དུས་གཏན་གནམ་གྲུ་ཚང་མ་ཤན་ལི་ཝུའུ་ཀོ་རྒྱལ་སྤྱིའི་གནམ་ཐང་དུ་བསྒྱུར་རྒྱུ་རེད། ཤན་ལི་ཝུའུ་ཀོ་རྒྱལ་སྤྱིའི་གནམ་ཐང་གིས་ཤོང་ཚད་ཆེ་བའི་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་འབབ་འཕུར་གྱི་དགོས་མཁོ་སྐོང་ཐུབ་པ་དང་། སྔོན་དཔག་ལྟར་ན་གནམ་ཐང་ལས་གཉེར་བྱེད་འགོ་ཚུགས་པའི་ཐོག་མའི་དུས་སུ་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ལོ་ལྟར་མི་ཐེངས་ཁྲི་700ཟིན་རྒྱུ་རེད།
ཨེ་ཙེ་ཨོ་ཕི་ཡའི་པོ་ལའེ་རྒྱལ་སྤྱིའི་གནམ་ཐང་།
ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་མ་རྐང་ཚད་ཡོད་ཀུང་སིས་སྐྲུན་འགན་འཁུར་བའི་པོ་ལའེ་རྒྱལ་སྤྱིའི་གནམ་ཐང་གི་གནམ་ཐང་བབས་ཚུགས་གསར་པ་ནི་པོ་ལའེ་རྒྱལ་སྤྱིའི་གནམ་ཐང་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭའི་རྣམ་གྲངས་ཀྱི་ཆ་ཤས་ཤིག་རེད། གནམ་ཐང་བབས་ཚུགས་གསར་པ་དེ་2015ལོར་སྐྲུན་འགོ་ཚུགས་པ་དང་ལོ་4ཡི་རིང་འབད་བརྩོན་བྱས་པ་བརྒྱུད་སྤུས་ཚད་མཐོ་པོས་ལེགས་སྒྲུབ་བྱུང་ཡོད།
2019ལོར་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་པ་ནས་བཟུང་གནམ་ཐང་བབས་ཚུགས་གསར་པ་ནས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་དེ་གནམ་ཐང་བབས་ཚུགས་རྙིང་པའི་ལོ་ལྟར་མི་ཐེངས་ཁྲི་700ནས་མི་ཐེངས་ཁྲི་2200བར་མང་དུ་ཕྱིན་ཡོད། གནམ་ཐང་བབས་ཚུགས་གསར་པ་ལས་གཉེར་བྱེད་འགོ་ཚུགས་རྗེས་ཨེ་ཙེ་ཨོ་ཕི་ཡའི་པོ་ལའེ་རྒྱལ་སྤྱིའི་གནམ་ཐང་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭར་ཀྲུང་གོ་ཕྱོགས་མུ་མཐུད་ཞུགས་རྒྱུའི་གདན་ཞུ་བྱས་ནས་དེ་ཉིད་ཨ་ཧྥེ་རི་ཁ་ས་ཁུལ་གྱི་མཁའ་འགྲུལ་སྐྱེལ་འདྲེན་ལྟེ་གནས་སུ་འགྱུར་བ་བྱ་རྒྱུ་རེད། 2020ལོར་སླེབས་སྐབས་གསར་དུ་བསྐྲུན་པའི་གནམ་ཐང་བབས་ཚུགས་བསྐྲུན་ཟིན་པ་དང་། 2022ལོར་པོ་ལའེ་རྒྱལ་སྤྱིའི་གནམ་ཐང་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭའི་དུས་ཐེངས་གཉིས་པའི་རྣམ་གྲངས་དངོས་སུ་ལས་མཇུག་འགྲིལ་བ་དང་ད་ཆ་བསྐྱར་སྐྲུན་རྒྱས་སྐྲུན་གྱི་ལས་གྲྭའི་དུས་ཐེངས་གསུམ་པའི་རྣམ་གྲངས་བརྟན་པོའི་ངང་སྐྲུན་བཞིན་ཡོད།