གསར་གཏོད་ཀྱི་གྲུབ་འབྲས་ཁག་29ལ་ཀྲུང་གོའི་ཁེ་བེད་བདག་ཐོབ་ཀྱི་གསེར་གྱི་བྱ་དགའ་ཐོབ་པ།
ཚེས་14ཉིན་ལེའོ་ཉིང་ཏ་ལེན་དུ་གཉེར་བའི་ཀྲུང་གོ་རྒྱལ་སྤྱིའི་ཁེ་བེད་བདག་ཐོབ་ལག་རྩལ་དང་ཐོན་རྫས་ཉོ་ཚོང་འདུ་ཚོགས་སུ་སྐབས་ཉེར་བཞི་པའི་ཀྲུང་གོའི་ཁེ་བེད་བདག་ཐོབ་ཀྱི་བྱ་དགའ་སྤྲད་པ་རེད། ཀྲུང་གོའི་ཁེ་བེད་བདག་ཐོབ་བྱ་དགའི་ཞིབ་དཔྱད་ཨུ་ལྷན་གྱིས་ཞིབ་དཔྱད་བརྒྱུད། སྤྱི་ཚོགས་ལ་ཡོངས་བསྒྲགས་བྱས་ནས“གནམ་གྲུ་འཕུར་འབབ་ཚོད་འཛིན་ལ་སྤྱོད་པའི་མཐུད་རྒྱུག་སྒྲིག་གཞི”སོགས་གསར་གཏོད་དང་དངོས་སྤྱོད་དཔེ་གསར་གྱི་ཁེ་བེད་བདག་ཐོབ་ཁག་29ལ་ཀྲུང་གོའི་ཁེ་བེད་བདག་ཐོབ་ཀྱི་གསེར་གྱི་བྱ་དགའ་ཐོབ་པ་རེད།
སྐབས་འདིའི་ཀྲུང་གོ་ཁེ་བེད་བདག་ཐོབ་ཀྱི་བྱ་དགའ་ཐོབ་པའི་ཁེ་བེད་བདག་ཐོབ་ལ། བྱ་དགའ་ཐོབ་པའི་གསར་གཏོད་ཁེ་བེད་བདག་ཐོབ་89.2%ནི་ཁེ་བེད་བདག་ཐོབ་འདུས་ཆེའི་ཐོན་ལས་སུ་རབས་གསར་པའི་ཆ་འཕྲིན་ལག་རྩལ་དང་། སྒྲིག་ཆས་རྩེར་སོན་བཟོ་སྐྲུན། རྒྱུ་ཆ་གསར་པ་སོགས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཆེ་གྲས་དགུ་དང་དེ་བཞིན་འདུས་གྲུབ་གློག་ལམ་དང་། ཚད་རྡུལ་ཆ་འཕྲིན། ཚན་ཚན་ཕྲེང་འབྲེལ་སོགས་འགག་རྩའི་ལྟེ་བའི་ལག་རྩལ་གྱི་ཁྱབ་ཁོངས་ཚུད་ཡོད་པ་དང་། བཟོ་སྐྲུན་ལས་རིགས་ཀྱི“རྒྱལ་ཁབ་ཆེན་པོའི་ལྕི་བའི་ཡོ་བྱད”བཏོད་ནས་ལག་རྩལ་གྱི་དཀའ་གནད་ཁག་གཅིག་ཐག་གཅོད་བྱས་ཡོད།
ཀྲུང་གོའི་ཁེ་བེད་བདག་ཐོབ་བྱ་དགའ་ནི་རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་དང་འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས(WIPO)ཀྱིས་མཉམ་དུ་བཙུགས་པ་ཞིག་ཡིན་པ་དང་། 1989ལོ་ནས་བཟུང་སྐབས་24གྲུབ་འབྲས་ཐོབ་པའི་སྒོ་ནས་དཔྱད་འདེམས་བྱས་ཡོད། ལོ་30ལྷག་ཙམ་རིང་ཉམས་མྱོང་བསགས་པ་བརྒྱུད་རང་བརྟེན་གསར་གཏོད་དང་ཐོན་ལས་འཕེལ་རྒྱས་ལ་སྐུལ་མ་གཏོང་བར་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་བཏོན་ཡོད་པ་རེད།