དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཕུགས་ཕན་གྱི་རྣམ་པ་དོན་གཉེར་དང་། ཕུགས་ཕན་གྱི་ཐབས་ཇུས་ལག་བསྟར། ཡུན་བདེའི་རྨང་གཞི་འདིང་བ་བཅས་བྱེད་དགོས།

    —— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཅང་ཤིས་སུ་རྟོག་ཞིབ་གནང་བར་ཕེབས་པ་དང་འབྲེལ་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བའི་སྐོར་གྱི་དངོས་བྲིས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-10-16

    འདི་ག་ཚགས་པར་གྱི་གསར་འགོད་པ། ཏུའུ་ཧྲང་ཙེ། ཀྲེང་ཧྲའོ་ཀྲུང་། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲང་ཞའོ་སུང་། ལིན་ཧུའེ།

    འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་འཕེལ་རྒྱས་འཐབ་ཇུས་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས་བཏོན་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ཞིག་ཡིན་ཞིང་། འབྲི་ཆུའི་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་11ལ་ཁྱབ་ཡོད། རང་རྒྱལ་གྱི་ཤར་རྒྱུད་དང་། དབུས་རྒྱུད། ནུབ་རྒྱུད་བཅས་གསུམ་འཕྲེད་དུ་བཅད་པའི་དཔལ་འབྱོར་རྒྱུད་འདིས་རྒྱལ་ཡོངས་ཀྱི་མངའ་ཁོངས་ཕྱེད་ཀ་ཙམ་གྱི་མི་འབོར་གྱི་གཞི་ཁྱོན་དང་དཔལ་འབྱོར་བསྡོམས་འབོར་བཟུང་ཞིང་། དེའི་ནང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གསོན་ཉམས་དོད་པའི་ལག་ལེན་ཡོད་པ་མ་ཟད། མི་དང་རང་བྱུང་ཁམས་ཇི་ལྟར་མཉམ་གནས་བྱེད་པའི་དུས་རབས་ཀྱི་རྒྱུགས་ཤོག་ཀྱང་འདུས་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དྲན་གསོ་གནང་བཞིན་དུ། ལོ་10ལྷག་ཙམ་རིང་འབྲི་ཆུའི་ངོགས་སུ་ཐེངས་30ལྷག་ཙམ་སླེབས་བྱུང་། གཙང་པོ་ལང་ལོང་ངང་ཤར་ཕྱོགས་སུ་རྒྱུག་ཅིང་། དུས་ཀྱི་འཁོར་འགྲོས་དང་བསྟུན་ནས་གཙང་པོའི་ངོགས་སུའང་སྔོ་སེར་རིམ་འདས་བཞིན་བརྗེ་བ་མ་ཟད། འབྲི་ཆུའི་རྣམ་པར་ཡང་ཉིན་རེ་ལས་མ་འདས་པར་འགྱུར་ལྡོག་འགྲོ་བཞིན་འདུག་ཅེས་གསུངས་པ་རེད།

    འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་གཏོང་རྒྱུ་བརྗོད་དོན་གཙོ་བོར་བྱས་པའི་བཞུགས་མོལ་ཚོགས་འདུ་ཐེངས་དང་པོ་དེ་ལོ་8ཙམ་གྱི་གོང་འཚོགས་ཤིང་། དེ་རྗེས་ལོ་གཉིས་གསུམ་རེར་ཚོགས་འདུ་ཐེངས་གཉིས་པ་དང་གསུམ་པ་འཚོགས་པ་དང་། དེ་ནས་ད་ཐེངས་རྟོག་ཞིབ་གནང་སྐབས་སླར་ཡང་ནན་ཁྲང་དུ་བཞུགས་མོལ་ཚོགས་འདུ་ཐེངས་བཞི་པ་འཚོགས་པ་རེད། སྔ་ཕྱི་བར་གསུམ་དུ་དོ་ཁུར་བྱེད་པའི་ཐོག་ནས་ཏང་ཀྲུང་དབྱང་གི“ཕུགས་ཕན་གྱི་དུས་བབ་དོན་གཉེར་དང་། ཕུགས་ཕན་གྱི་ཐབས་ཇུས་ལག་བསྟར། ཡུན་བདེའི་རྨང་གཞི་འདིང་བ”བཅས་ཀྱི་རྒྱལ་སྐྱོང་ཐབས་ལམ་མཚོན་གྱི་ཡོད།

    སྲུང་སྐྱོང་།

    “ཐུན་མོང་ཐོག་སྲུང་སྐྱོང་ཆེན་པོར་དམ་འཛིན་བྱེད་པ་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་དགོས”

    ལོ་10ལྷག་ཙམ་རིང་། འབྲི་ཆུའི་སྟོད་རྒྱུད་དང་། བར་རྒྱུད། སྨད་རྒྱུད་བཅས་སུ་སྔོ་ལྗང་ལྡན་ཚད་ཇེ་མཐོར་ཕྱིན་པས་ངོ་མ་འཕོ་འགྱུར་ཧ་ཅང་ཆེན་པོ་བྱུང་ཡོད།

    དེ་སྔའི་འབྲི་ཆུའི་གནད་དོན་ནི་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་འཕེལ་རྒྱས་མྱུར་པོ་བྱུང་རུང་སྐྱེ་ཁམས་ལ་གནོད་འཚེ་ཕོག་པའི་གནད་དོན་དེ་རེད། སྤྱི་ཁྱབ་ཧྲུའུ་ཅིས་དེ་སྔ“འབྲི་ཆུར་གཏོར་སྐྱོན་བྱུང་བ་མ་ཟད། གཏོར་སྐྱོན་ཆེན་པོ་བྱུང་འདུག”ཅེས་ཐུགས་ཁྲལ་ཆེན་པོས་གསུངས་མྱོང་ཡོད།

    2016ལོའི་བཞུགས་མོལ་ཚོགས་འདུ་ཐེངས་དང་པོའི་ཐོག་སྤྱི་ཁྱབ་ཧྲུའུ་ཅིས་འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་འཕེལ་རྒྱས་ལ“ཐུན་མོང་ཐོག་སྲུང་སྐྱོང་ཆེན་པོར་དམ་འཛིན་བྱེད་པ་ལས། གསར་སྤེལ་ཆེན་པོ་བྱེད་མི་རུང་བའི”སྒྲིག་སྲོལ་བཟོས་གནང་ཡོད།

    ད་ཆ་ལོ་8ཙམ་འདས་ཟིན་པས“སྲུང་སྐྱོང”ལ་ཐོབ་པའི་གྲུབ་འབྲས་ནི་ཀུན་གྱིས་མཐོང་ཐུབ་པ་ཞིག་ཡིན་ཞིང་། “ཆུ་སྤུས་ལེགས་ཚད་94.5%ཟིན་པ་དང་འབྲི་ཆུའི་ཆུ་གཞུང་ཨ་མའི་ཆུ་སྤུས་ལོ་གསུམ་བསྟུད་མར་རིགས་IIཡིན་པ་རེད” སྤྱི་ཁྱབ་ཧྲུའུ་ཅིས“འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་འཕེལ་རྒྱས་འཐབ་ཇུས་ལག་ལེན་བསྟར་ཚུན། འཐབ་ཇུས་རང་བཞིན་གྱི་ཕན་འབྲས་ཐོན་པ་གྲངས་གཞི་མང་དག་ཅིག་གི་ཐོག་ནས་མཐོང་ཐུབ”ཅེས་མྱོང་ཚོར་ཟབ་མོའི་ངང་གསུངས་པ་རེད།

    འབྲི་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་ཅིའུ་ཅང་གྲོང་ཁུལ་དུམ་བུ་ནི་གསོན་ཉམས་དོད་པའི་དཔེ་མཚོན་ཞིག་རེད།

    2021ལོའི་ལོ་མཇུག་ཏུ་འབྲི་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་དངོས་སུ་སྐྲུན་འགོ་ཚུགས་པ་དང་། འབྲི་ཆུའི་ནུབ་རྒྱུད་དུམ་བུ་དེ་གཙོ་གནད་འཛུགས་སྐྲུན་ཁུལ་བདུན་གྱི་གྲས་སུ་བཅུག་པ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་གནས་དེ་གའི་བཙོག་ཆུ་གཙང་གསིང་དང་། ཆུ་ངོགས་བཅོས་སྐྱོང་། ཉ་ལས་བཅོས་སྐྱོང་བཅས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་ཞིང་། ཁོང་གིས“འབྲི་ཆུ་ནི་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་འབྲེལ་ཐག་ལྟ་བུ་ཡིན། འབྱུང་འགྱུར་འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་ཇི་ལྟར་གཏོང་མིན་དང་འཕེལ་རྒྱས་ཀྱི་ཚད་གཞི་གང་ཞིག་ཏུ་སླེབས་མིན་དེ་འབྲི་ཆུའི་གསོ་སྐྱོང་ལས་ཁ་འབྲལ་མི་སྲིད”ཅེས་མངགས་བཅོལ་གནང་བ་རེད།

    “གཙང་པོར་བརྟེན་ཏེ་འཚོ་ཐབས་བྱེད་པ”ནས“གཙང་པོར་བརྟེན་ནས་གཙང་པོ་སྲུང་བའི”བར་འགྱུར་ལྡོག་བྱུང་བ་ནི་ཆུ་བོ་དྭངས་སུ་ཕྱིན་པ་དང་ངོགས་གཉིས་སྔོ་ཐིང་ཐིང་ཆགས་པ་ཙམ་མ་ཟད། འདུ་ཤེས་ཟབ་ཏུ་ཕྱིན་པ་དེ་རེད།

    “སྔོན་ཆད་ང་ཚོས‘GDPཡི་ཐོག་ནས་དཔའ་བོ་གླེང་བ’དང‘རིན་ཐང་ཆེ་ཆུང་གླེང་བ’སོགས་ཀྱི་སྐོར་བརྗོད་ཀྱི་ཡོད། ད་ཆ་བསམ་བློའི་འདུ་ཤེས་ལ་འགྱུར་ལྡོག་ཕྱིན་པས་ངོས་འཛིན་གྱི་གནད་དོན་ཐག་གཅོད་ཐུབ་ཡོད། འབྲི་ཆུའི་དཔལ་འབྱོར་ཁུལ་དེ་འབྲི་ཆུར་བརྟེན་ནས་བྱུང་ལ་འབྲི་ཆུར་བརྟེན་ནས་དར་རྒྱས་བྱུང་བ་ཞིག་ཡིན་པས། རྒྱུ་འབྲས་ཀྱི་འབྲེལ་བ་དེར་ངེས་པར་དུ་ངོས་འཛིན་གསལ་པོ་བྱེད་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅིས་གསུངས་ཡོད།

    སྤྱི་ཁྱབ་ཧྲུའུ་ཅིས། “སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ་ནི་ཡུན་རིང་གི་ལས་འགན་ཞིག་ཡིན་པས། མཚམས་རེ་དམ་འཛིན་དང་མཚམས་རེ་ལྷོད་གཡེང་གཏོང་བ་དང་། ཕྲན་ཙམ་ལེགས་སུ་ཕྱིན་ན་སྲུང་སྐྱོང་བྱེད་མཚམས་འཇོག་པའི་བསམ་བློ་འདྲ་མིན་འཆང་མི་རུང་། ད་ཆ་འབྲི་ཆུར་གཏོར་སྐྱོན་ཕོག་པ་ལེགས་སུ་འགྲོ་འགོ་ཚུགས་ཙམ་ཡིན་པས། བློ་བརྟན་འགྱུར་མེད་ངང“ཐུན་མོང་ཐོག་སྲུང་སྐྱོང་ཆེན་པོར་དམ་འཛིན་བྱེད་པ་ལས། གསར་སྤེལ་ཆེན་པོ་བྱེད་མི་རུང་བ”མཐའ་འཁྱོངས་ཀྱིས་ཆུ་ཚད་མཐོ་པོས་སྲུང་སྐྱོང་བྱ་རྒྱུར་འབད་བརྩོན་དེ་བས་ཆེན་པོ་བྱས་ཏེ། འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དེ་བས་སྲ་ཞིང་བརྟན་པའི་འདེགས་སྐྱོར་བྱེད་དགོས”ཞེས་སེམས་བཟང་ཚིག་ནན་གྱིས་གསུངས་པ་རེད།

    འཕེལ་རྒྱས།

    “ད་ལྟའི་ལམ་བུ་ནི་ཡང་དག་ཅིག་ཡིན་པས་མུ་མཐུད་སྐྱོད་དགོས”

    དེ་སྔོན་འཚོགས་པའི་བཞུགས་མོལ་ཚོགས་འདུ་ཐེངས་ཁ་ཤས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“འཕེལ་རྒྱས་གཏོང་རིང་སྲུང་སྐྱོང་དང་སྲུང་སྐྱོང་བྱེད་རིང་འཕེལ་རྒྱས་གཏོང་དགོས་པའི”རྩོད་སྒྲུབ་འབྲེལ་བ་རྒྱས་བཤད་གཏིང་ཟབ་གནང་སྐབས“སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་གྲུབ་འབྲས་ཐོབ་མིན་དེ་མཐར་གཏུགས་ན་དཔལ་འབྱོར་གྲུབ་ཆ་དང་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་ལ་རག་ལས་ཡོད”ཅེས་ཁ་གསལ་གསུངས་ཡོད།

    ཁེ་ལས་ནི་འབྲི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྱོང་གི་བྱེད་པོ་དང་སྟོབས་ཤུགས་གལ་ཆེན་ཞིག་ཡིན།

    བྱང་འབྲི་ཆུ་དང་། ལྷོ་ལུའུ་ཧྲན་རི་བོ། ཤར་ཕན་ཧུའུ་མཚེའུ་བཅས་དང་སྦྲེལ་ཡོད་པའི་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་ཅིའུ་ཅང་ཡན་ལག་ཀུང་སིར“རྫས་འགྱུར་བཟོ་ལས་ཀྱིས་འབྲི་ཆུ་བསྐོར་བའི”དཀའ་གནད་སེལ་བའི་ཐད་གནོན་ཤུགས་ཧ་ཅང་ཆེན་པོ་འཕྲད་ཡོད།

    གནས་གཅིག་ནས་ངོས་ཡོངས་ལ་དམིགས་ཚེ་དམིགས་སུ་འཛིན་ཐུབ་པ་ནི“སྐྱོན་ཡོད་ཡོ་བསྲང་དང་སྐྱོན་མེད་སྔོན་འགོག”ཐུབ་པ་དེ་ཡིན་ཞིང་། “བཟོ་ལས་ཅན་གསར་པ་འཛུགས་སྐྱོང་བྱེད་རིང་ང་ཚོས་ལྗང་མདོག་ཅན་དང་ཐཱན་ཉུང་ཅན་ཉིན་རེའི་གྲོས་རིམ་ནང་བཅུག་ནས་བཟོ་ལས་འཐབ་ཕྱོགས་ལ་དོན་དངོས་ཀྱི་བྱ་སྤྱོད་དེ་བས་མང་བ་ཡོང་རེ་བྱེད་ཀྱི་ཡོད”

    རྟོག་ཞིབ་ཀྱི་ཉིན་གཉིས་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཅིང་ཏེ་ཀྲེན་གྱི་ཁྲང་ཧོ་གནམ་གྲུ་བཟོ་ལས(ཚོགས་པ)ཚད་ཡོད་ཀུང་སིར་ཕེབས་པ་རེད། སྤྱིའི་སྒྲིག་སྦྱོར་འཁོར་ཁང་དུ“མཁའ་འགྲུལ་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བ་དང་མཁའ་འགྲུལ་རྒྱལ་ཁབ་སྟོབས་ཆེན”ཞེས་པའི་སྦྱར་ཡིག་མངོན་གསལ་དོད་པ་དང་། ཚོད་འཕུར་ས་ཚིགས་ཀྱི་དགུང་སྔོན་འོག་ཐད་འཕུར་གནམ་གྲུ་སྣ་ཚོགས་གྲལ་སྟར་འགྲིག་པོས་བསྒྲིགས་ནས་ཧ་ཅང་བརྗིད་ཉམས་ལྡན་པ་ཞིག་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཐད་འཕུར་གནམ་གྲུ་ཞིག་གི་ནང་ཕེབས་ནས་ངོ་སྤྲོད་ཞིབ་ཕྲ་གསན་པ་རེད།

    “གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་འགག་རྩའི་ལྟེ་བའི་ལག་རྩལ་གྱི་རང་བརྟེན་ཞིབ་འཇུག་གསར་སྤེལ་ཐད་དེ་བས་འབད་བརྩོན་ཆེན་པོ་བྱེད་པ་དང་། འབྱུང་འགྱུར་གྱི་དགོས་མཁོར་དམིགས་ནས་ཐོན་རྫས་གསར་པ་བཏོད་ནས་སྔོན་ཐོན་གྱི་བཟོ་སྐྲུན་མ་ལག་ཧུར་ཐག་འཛུགས་པ་དང་འཛམ་གླིང་གི་ཐད་འཕུར་གནམ་གྲུའི་ཁེ་ལས་རྩེ་གྲ་གཏོད་དགོས”

    “‘གསར་སྤེལ་ཆེན་པོ་བྱེད་མི་རུང་བ’ཞེས་པ་ནི་གང་བྱུང་དུ་གསར་སྤེལ་དང་། ཆུ་ཚད་དམའ་པོས་གསར་སྤེལ། རགས་ལས་གསར་སྤེལ། གཏོར་བཤིག་རང་བཞིན་གྱི་གསར་སྤེལ་བཅས་བྱེད་མི་ཆོག་པར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་དང་ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་རྒྱུ་དེ་རེད། ད་ལྟའི་ལམ་ནི་ཡང་དག་ཅིག་ཡིན་པས་མུ་མཐུད་དེའི་ཐོག་སྐྱོད་དགོས།

    རྒྱུན་འཛིན།

    “ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་རྒྱས་གོང་འཕེལ་གཏོང་དགོས”

    འབྲི་ཆུའི་རིག་གནས་ནི་སྣ་མང་ཕུན་སུམ་ཚོགས་པའི་ཀྲུང་ཧྭའི་རིག་གནས་ཁྲོད་ཀྱི་བཀྲག་མདངས་འཚེར་བའི་སྐར་ཆེན་ཞིག་དང་འདྲ་ཞིང་། དེའི་ནང་འབྲི་ཆུས་རྫ་ས་བརླན་ཞིང་ཅིང་ཏེ་ཀྲེན་ལ་འོད་མདངས་རབ་ཏུ་འཕྲོ་བར་བྱས་ཡོད།

    ལོ་ངོ་སྟོང་གི་རྫ་ཐབ་ཀྱི་མེ་མི་རབས་ནས་མི་རབས་བར་ཉམས་པ་མེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གནའ་སྔ་མོ་ནས་ད་བར་རྒྱུན་ཆད་མྱོང་མེད། རྫ་དཀར་ནི་ཀྲུང་ཧྭའི་མཆོག་ནོར་ཞིག་དང་ཀྲུང་ཧྭའི་ཤེས་དཔལ་གྱི་མིང་བྱང་གལ་ཆེན་ཞིག་རེད”ཅེས་མྱོང་ཚོར་ཟབ་མོའི་ངང་གསུངས།

    ས་ཆ་འདི་ནས་ནུབ་ཕྱོགས་སུ་སྨི་400ལྷག་ཙམ་བསྐྱོད་ན་ཁྲང་ཅང་གཙང་པོ་གྲོང་ཁྱེར་བརྒྱུད་ནས་རྒྱུག་གི་ཡོད་པ་དང་། དེ་ནས་ལེ་དབར་180མཚམས་སུ་ཕན་དབྱང་མཚེའུ་དང་འདྲེས་རྗེས་གཙང་པོ་རྒྱ་མཚོ་དང་འདྲེས་ཀྱི་ཡོད། ལོ་རྒྱུས་ཀྱི་རླབས་རྒྱུན་ཁྲོད་ཅིང་ཏེ་ཀྲེན་གྱི་དཀར་ཆས་མཚོ་ཐོག་དར་གོས་ལམ་བུ་བརྒྱུད་ནས་འཛམ་གླིང་དུ་ཕྱིར་ཚོང་བྱེད་ཀྱི་ཡོད།

    སྤྱི་ཁྱབ་ཧྲུའུ་ཅིས་དཀར་ཆས་བཟོ་མཁན་རྒན་གྲས་ཤིག་དང་གླེང་མོལ་གནང་ཞིང་།

    “རྒན་ལགས་ཁམས་བཟང་། ལག་རྩལ་རྩེ་གྲ་འདུག པར་རིས་ལ་ལྟ་ཡི་ཡོད་དམ་ཡང་ན་རང་གི་བསམ་ཚུལ་ལྟར་བཟོ་ཡི་ཡོད”ཅེས་དྲིས།

    “ཚང་མ་རང་གི་བསམ་ཚུལ་ལྟར་བཟོ་ཡི་ཡོད”ཅེས་ལན་བརྒྱབ།

    དཀར་ཆས་བཟོ་མཁན་དེས་ལོ་13ནས་པ་ཕའི་ས་ནས་དཀར་ཆས་བཟོ་སྟངས་སྦྱངས་པ་དང་ཁོང་ནི་ཁྱིམ་འདིའི་རྒྱུན་འཛིན་པ་མི་རབས་བཞི་པ་ཡིན་ཞིང་། ལས་ཀ་འདི་གཉེར་ནས་ད་བར་ལོ་40འདས་ཡོད།

    “ཁྱེད་ནི་ས་གཞི་འདིས་གསོ་སྐྱོང་བྱས་པའི་རྒྱུན་འཛིན་པ་དང་བཟོ་བོའི་སྙིང་སྟོབས་ཀྱི་མཚོན་ཚུལ་ཞིག་རེད”ཅེས་སྤྱི་ཁྱབ་ཧྲུའུ་ཅིས་བསྔགས་བརྗོད་གནང་།

    ཅིང་ཏེ་ཀྲེན་དུ་གཞོན་ནུ་ཁྲི་2ལྷག་ཙམ་གྱིས་དཀར་ཆས་བཟོ་བའི་འཐབ་ས་དང་པོར་ལས་ལ་བྲེལ་བཞིན་ཡོད་པ་དང་། ཁོང་ཚོའི་རྒྱབ་ཏུ་དཀར་ཆས་ཀྱི་ཐོན་ལས་འཁོར་འབྲེལ་ཆེན་པོ་ཞིག་ཡོད།

    “དཀར་ཆས་བྱ་གཞག་རྒྱུན་འཛིན་བྱེད་མཁན་མང་པོ་དེ་འདྲ་ཡོད་པ་མཐོང་སྐབས་ཧ་ཅང་དགའ་པོ་བྱུང་། བྱ་གཞག་དེ་ཟམ་མི་ཆད་པར་འཕེལ་རྒྱས་གཏོང་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མྱོང་ཚོར་ཟབ་མོའི་ངང་གསུངས།

    “ཚེ་གང་ལས་ཀ་གཅིག་ལ་གཞོལ་བ་དང་མི་རབས་ནས་མི་རབས་བར་ལས་ཀ་གཅིག་བྱེད་པ་ནི་ལས་སླ་པོ་ཞིག་མིན། རང་ཉིད་ཀྱི་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་པ་ལས་ཨ་གསར་ཚ་པོ་བྱེད་མི་རུང་། མེས་པོའི་ལག་ནས་རྒྱུན་འཛིན་བྱས་པའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དེ་ང་ཚོས་མུ་མཐུད་ལག་ཏུ་དམ་པོར་བཟུང་ནས་དུས་བསྟུན་འཕེལ་རྒྱས་ཀྱིས་དར་རྒྱས་གོང་འཕེལ་གཏོང་དགོས”

    དར་རྒྱས།

    “རྟེན་གཞི་ཁུལ་རྙིང་པའི་མི་དམངས་ནི་ང་ཚོས་སེམས་ཁྲལ་ཆེ་ཤོས་བྱེད་ས་ཡིན”

    རྟོག་ཞིབ་ཀྱི་ཉིན་གཉིས་པའི་ཕྱི་དྲོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧྲང་རའོ་གྲོང་ཁྱེར་ཝུའུ་ཡོན་རྫོང་ཆིའུ་ཁོའུ་གྲོང་རྡལ་ཝང་གྲོང་ཚོའི་ཧྲི་མོན་རང་བྱུང་གྲོང་ཚོར་ཕེབས་པ་རེད།

    སྐྱེ་ཁམས་ནི་གྲོང་ཚོའི་མིང་བྱང་ལྟ་བུ་ཡིན། གྲོང་ཚོར་གནའ་ཤིང་མང་པོ་སྔོ་ཐིང་ངེར་གནས་པ་དང་། ད་དུང་སྟོངས་ལ་ཉེ་བའི་བྱིའུ་ལྕང་མའི་སྟེང་ཅི་དགར་རོལ་བའི་པར་རིས་དག་ནི་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་བསྡུས་རིས་ཤིག་རེད།

    ལོ་4ལྷག་ཙམ་གོང་། ཅང་ཤིས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རི་ཆུ་བཅོས་སྐྱོང་དང་རི་ཆུ་སྔོ་འགྱུར་གྱི་ལས་དོན་ཡག་པོ་བསྒྲུབས་ནས་མཛེས་སྡུག་ལྡན་པའི་ཀྲུང་གོའི“ཅང་ཤིས་ཀྱི་དཔེ་གཞི”གཏོད་དགོས་ཞེས་མཛུབ་སྟོན་གནང་ཡོད།

    གྲོང་ཚོ་ཆུང་ཆུང་དེ་ནི་དཔེ་མཚོན་གྱི་ཟུར་གཅིག་རེད།

    གང་དུ་ཕེབས་ཀྱང་ཚང་མ་ཕྱུག་པོ་ཆགས་པ་ནི་སྤྱི་ཁྱབ་ཧྲུའུ་ཅིས་དོ་ཁུར་གནང་བའི་ལས་དོན་ཞིག་རེད།

    ད་ཐེངས་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པར་ཕེབས་སྐབས་སྤྱི་ཁྱབ་ཧྲུའུ་ཅིས“དབུལ་སྒྲོལ་འགག་སྒྲོལ་དང་། ཕྱོགས་ཡོངས་ཀྱི་འབྱོར་འབྲིང་ངམ་ཡང་ན་དེང་རབས་ཅན་འཛུགས་སྐྲུན་དང་ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་བ་གང་ཡིན་རུང་རྟེན་གཞིའི་ཁུལ་རྙིང་པའི་མི་དམངས་ཚང་མ་ང་ཚོའི་དོ་ཁུར་བྱེད་ས་གལ་ཆེན་ཞིག་རེད”ཅེས་ནན་བཤད་གནང་བ་རེད།

    གྲོང་མི་ཚོས་སྤྲོ་སེམས་འཁོལ་པོར་དགའ་བསུ་ཞུ་བའི་སྒྲའི་ཁྲོད་དུ་སྤྱི་ཁྱབ་ཧྲུའུ་ཅིས་བྱམས་བརྩེའི་ངང“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་གྲོང་ཁྱེར་གྱི་དེང་རབས་ཅན་ཡོད་དགོས་ལ་ཞིང་ལས་དང་གྲོང་གསེབ་ཀྱི་དེང་རབས་ཅན་ཡང་ཡོད་དགོས། ངས་གྲོང་གསེབ་དར་རྒྱས་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། ཁྱེད་ཚོས་རང་བྱུང་སྐྱེ་ཁམས་ལ་སྲུང་སྐྱོང་ཡག་པོ་བྱས་ནས་སྲོལ་རྒྱུན་གྱི་གྲོང་ཚོའི་ཉམས་འགྱུར་དང་དེང་རབས་ཀྱི་གཞི་རྒྱུ་ཟུང་འབྲེལ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་མཛེས་དཔྱད་དགའ་ཕྱོགས་མཐའ་འཁྱོངས་ཀྱིས་གྲོང་གསེབ་དེ་བས་མཛེས་སྡུག་ལྡན་པ་དང་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་སྤྲོ་སྣང་དང་བདེ་སྐྱིད་ལྡན་པའི་རེ་བ་ཡོད”ཅེས་གསུངས་པ་རེད།

    ཚེས་12ཉིན་འཚོགས་པའི་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུར་སྤྱི་ཁྱབ་ཧྲུའུ་ཅིས“ང་ཚོས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་པར་འབྲི་ཆུའི་དཔལ་འབྱོར་ཁུལ་ལ་ལེགས་ཆ་ཆེན་པོ་ལྡན་ཡོད། འབྲི་ཆུའི་ངོགས་སུ་གནའ་བོའི་གྲོང་ཚོ་ཡོད་ལ་དེང་རབས་ཀྱི་གྲོང་གསེབ་ཀྱང་ཡོད། འབྲི་ཆུའི་ལོ་རྒྱུས་རིག་གནས་དང་། རི་ཆུའི་རིག་གནས། གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་བཅས་མཉམ་འདྲེས་བྱས་ཏེ་ས་གནས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བར་བྱེད་དགོས”ཅེས་བསྟན་གནང་ཡོད།

    རྒྱུན་འཁོར།

    “འབྲི་ཆུའི་དཔལ་འབྱོར་ཁུལ་ནི་རྒྱལ་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད”

    འབྲི་ཆུའི་དཔལ་འབྱོར་ཁུལ་དུ་ཕྱོགས་ཡོངས་ཀྱི་ནང་ངོས་དང་ཕྱི་ཕྱོགས་སྒོ་དབྱེའི་རྣམ་པ་མགྱོགས་མྱུར་ཆགས་བཞིན་ཡོད་པ་དང་། གཅིག་ལ་གཅིག་འགྲན་དང་ཕན་ཚུན་འགྲན་རྩོད་བྱེད་པའི་དུས་རབས་ཀྱི་རླབས་རྒྱུན་ཁྲོད་སྤྱི་ཁྱབ་ཧྲུའུ་ཅིས་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་ཤར་ནུབ་འཕྲེད་བཅད་དང་། ལྷོ་བྱང་སྦྲེལ་མཐུད། གཙང་པོ་དང་རྒྱ་མཚོར་ཁྱབ་པ་བཅས་ཀྱི་དམིགས་བསལ་ལེགས་ཆ་གང་ལེགས་འདོན་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་ར་གཉིས་སྦྲེལ་མཐུད་དེ་བས་ཡག་པོ་དང་ཐོན་ཁུངས་གཉིས་བེད་སྤྱོད་ཡག་པོ། རྒྱལ་ནང་གི་འཁོར་སྐྱོད་ཆེན་པོའི་ནང་སྐྱེས་སྒུལ་ཤུགས་དང་བློས་འགེལ་ཆོག་པའི་རང་བཞིན་ཆེ་རུ་གཏོང་བ་དང་རྒྱལ་སྤྱིའི་འཁོར་སྐྱོད་ཀྱི་ཡིད་དབང་འཕྲོག་ཤུགས་དང་སྐུལ་འདེད་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་འཕེལ་རྒྱས་བཀོད་པ་གསར་པ་གཏོད་ཆེད་འཐབ་ཇུས་ཀྱི་འདེགས་སྐྱོར་བྱེད་དགོས་ཞེས་སྔར་བས་ནན་བཤད་གནང་བ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ས་ཁོངས་མཐུན་སྦྱོར་དང་རྒྱུན་འཁོར་མང་དུ་གཏོང་བ་ཤུགས་རྒྱག་སར་མཐའ་འཁྱོངས་བཟུང་ནས་འབྲི་ཆུའི་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་གྱིས་ཞིང་ཆེན་དབར་མཉམ་གྲོས་དང་། སྐྱེ་ཁམས་མཉམ་བཅོས། ས་ཁོངས་ཧྲིལ་པོ་མཉམ་སྐྲུན། འཕེལ་རྒྱས་འབྲས་བུ་མཉམ་སྤྱོད་བཅས་མཐའ་འཁྱོངས་བྱས་ནས་ས་ཁོངས་ཀྱི་འགྲིམ་འགྲུལ་གྱི་མཉམ་འདྲེས་ཀྱི་རང་བཞིན་དང་། སྲིད་ཇུས་གཅིག་གྱུར་གྱི་རང་བཞིན། སྒྲིག་སྲོལ་གཅིག་མཐུན་གྱི་རང་བཞིན། ལག་བསྟར་མཐུན་སྦྱོར་གྱི་རང་བཞིན་བཅས་ཆེ་རུ་བཏང་ནས། སྐྱེ་ཁམས་གཅིག་མཐུན་འདུས་གྲུབ་དང་ཁེ་ཕན་གཅིག་མཐུན་འདུས་གྲུབ་འཛུགས་སྐྱོང་ལ་སྐུལ་མ་བརྟན་པོ་བཏང་སྟེ། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་བླང་བྱ་སྔར་བས་བཏོན་གནང་བ་རེད།

    ཚོགས་འདུར་སྤྱི་ཁྱབ་ཧྲུའུ་ཅིས་བྱམས་བརྩེའི་ངང་ཞིང་ཆེན་དང་གྲོང་ཁྱེར་11གི་འགན་འཁུར་བློ་མཐུན་ལ་ནན་ཁྲང་དུ་སླེབས་པར་དུས་ཡུན་ཇི་ཙམ་འགོར་མིན་བཀའ་འདྲི་གནང་བ་རེད། དེ་སྔ་ལ་བརྒྱབ་ཀླུང་བརྒལ་དང་རི་ཀླུང་མང་པོ་སྒྲོལ་དགོས་པའི་ལམ་ཐག་རིང་པོ་དེར་ད་ཆ་ཆུ་ཚོད་གཉིས་གསུམ་ལས་འགོར་གྱི་མེད། “ཁྱེད་ཚོའི་དབར་འགྲིམ་འགྲུལ་སྟབས་བདེ་པོ་འདི་འདྲ་ཡོད་པ་ནི་ལོ་འདི་དག་ནང་འཛུགས་སྐྲུན་གྱི་གྲུབ་འབྲས་མངོན་གསལ་དོད་པོ་བྱུང་བ་གསལ་བཤད་བྱེད་ཐུབ”

    བཞུགས་མོལ་ཚོགས་འདུར་སྤྱི་ཁྱབ་ཧྲུའུ་ཅིས་འབྲི་ཆུའི་དཔལ་འབྱོར་ཁུལ་གྱིས“རྒྱལ་ཁབ་ཀྱི་འབྲུ་རིགས་ཀྱི་བདེ་འཇགས་དང་། ནུས་རྒྱུའི་བདེ་འཇགས། གལ་ཆེའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་བདེ་འཇགས། ཆུའི་བདེ་འཇགས་སོགས་ལ་སྲུང་སྐྱོང་བྱེད་པར་ནུས་པ་དེ་བས་ཆེ་བ་བཏོན་ཏེ། ས་ཁོངས་གཅིག་གི་བརྟན་ལྷིང་ལ་བརྟེན་ནས་སྤྱི་ཡོངས་ཀྱི་དུས་བདེར་ལེགས་སྐྱེས་འབུལ་དགོས་པའི”ཐུགས་རེ་གནང་བ་རེད།

    བདེ་འཇགས་བཞི་ཡིས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས།

    འབྲུ་རིགས་སྐོར་གླེང་ཚེ་འགན་འཁྲི་གཅིག་ལ་གཅིག་སྦྲེལ་རེད། “འབྲི་ཆུའི་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་འབྲུ་རིགས་གཙོ་བོ་ཐོན་ཁུལ་ལམ་ཡང་ན་ཚོང་ཁུལ་གཙོ་བོ་དང་ཐོན་ཚོང་དོ་སྙོམས་ཁུལ་གང་ཡིན་རུང་ཚང་མས་འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲི་ཡག་པོ་འཁུར་དགོས”

    ནུས་རྒྱུའི་སྐོར་གླེང་ཚེ་འཆར་འགོད་ཡག་པོ་བྱེད་པར་དམིགས་དགོས། “རྒྱལ་ཡོངས་ཀྱི‘བསམ་ཇུས་གཅིག’མཐའ་འཁྱོངས་ཀྱིས་སྟོད་རྒྱུད་ས་ཁུལ་དང་དབུས་རྒྱུད་དང་སྨད་རྒྱུད་ས་ཁུལ་དབར་གྱི་ནུས་རྒྱུའི་མཉམ་ལས་མུ་མཐུད་ཟབ་ཏུ་གཏོང་དགོས”

    བདེ་འཇགས་སྐོར་གླེང་ཚེ་ཉེན་ཁ་མ་བྱུང་སྔོན་འགོག་བྱེད་དགོས། “རྒྱུག་ཁུལ་གྱི་ཆུའི་ལས་གྲྭ་གཅིག་གྱུར་གྱིས་མཉམ་འབྲེལ་བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ས་ཁོངས་ལས་བརྒལ་བའི་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་སུ་དང་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱུག་ཁུལ་གྱི་གནོད་འཚེ་སྔོན་འགོག་དང་ཆུང་གཏོང་བའི་ནུས་པ་ཆེ་རུ་གཏོང་དགོས”

    མིག་རྒྱང་རིང་པོས་གཅིག་གྱུར་འཆར་འགོད་དང་སྤྱི་ཡོངས་ལ་ལྟ་རྟོག་བྱེད་པ་དང་བསམ་ཕྱོགས་ཆེན་པོས་ཁ་ཕྱོགས་སྣེ་ཁྲིད་བྱེད་དགོས། འབྲི་ཆུ་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་བར་སྤྱི་ཁྱབ་ཧྲུའུ་ཅིས་དགོངས་པ་ཟབ་མོ་བཞེས་པ་དང་ལག་ལེན་ནན་པོ་བསྟར་གནང་ཞིང་། “ཕུགས་ཕན་གྱི་རྣམ་པ་དོན་གཉེར་དང་། ཕུགས་ཕན་གྱི་ཐབས་ཇུས་ལག་བསྟར། ཡུན་བདེའི་རྨང་གཞི་འདིང་བ་བཅས་བྱེད་དགོས”ཞེས་བཏོན་གནང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།