ལག་གདང་སྦྲེལ་ནས་འཕེལ་རྒྱས་དོན་གཉེར་བྱེད། མཉམ་ལས་གཉིས་ཕན་ལེའུ་གསར་མཉམ་དུ་རྩོམ།
—— ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་གསུམ་པའི་སྐོར་གྱི་སྒྲིལ་གླེང་།
ཟླ་10ཚེས་4ནས་ཚེས་6ཉིན་བར། “མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱིས། འཕེལ་རྒྱས་མཉམ་ལས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་གསུམ་པ་ཡུལ་ལྗོངས་མཛེས་ཤིང་ལྟ་ན་སྡུག་པའི་ཉིང་ཁྲི་གྲོང་ཁྱེར་ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུར་གཉེར་བ་རེད། ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་280ལྷག་ཙམ་ལྷན་དུ་འཛོམས་ནས་ཧི་མ་ལ་ཡའི་མཐའ་འཁོར་ས་ཁུལ་གྱི་འཕེལ་རྒྱས་མདུན་ལམ་ལྷུག་པོར་གླེང་བ་དང་། ཧི་མ་ལ་ཡའི་མཐའ་འཁོར་གྱི་འཕེལ་རྒྱས་ཐབས་ལམ་མཉམ་དུ་ཇུས་འགོད་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་། འཕེལ་རྒྱས་མཉམ་ལས། མི་ཆོས་རིག་གནས་སྤེལ་རེས་སོགས་ཀྱི་ཐད་བསམ་འཆར་བརྗེ་རེས་གཏིང་ཟབ་བྱས་པར་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་བྱུང་ཡོད།
གླེང་སྟེགས་ཐོག ཕྱི་རྒྱལ་གྱི་སྲིད་ཕྱོགས་མི་སྣ་གལ་ཆེན་བཅུ་ལྷག་ཙམ་གྱིས་མཉམ་དུ་གཏམ་བཤད་སྤེལ་བ་དང་ཐུན་མོང་ཐོག་འདུ་ཚོགས་གཟབ་རྒྱས་གཉེར་བ་དང་། ཀྲུང་གོར་བཅའ་སྡོད་རྒྱལ་ཁབ་13གྱི་གཞུང་ཚབ་པ་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཆེ་གཞོན་པ། རྒྱལ་ཁབ་25ཡི་གསར་འགོད་པ་བཅས་བོད་དུ་ཡོང་ནས་གནས་ཚུལ་སྤེལ་བ། ཡོན་ཧྲི་དང་། རྒྱལ་སྤྱིའི་རིགས་གཅིག་མཁས་ཅན། གླེང་སྟེགས་ལ་ཞུགས་པའི་སྐུ་མགྲོན་དང་མཁས་དབང་བཅས་40ལྷག་ཙམ་གྱིས་འཁྱགས་རོམ་དང་ཁོར་ཡུག་འགྱུར་ལྡོག་དང་། སྐྱེ་དངོས་སྣ་མང་རང་བཞིན། ཞིང་ལས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་སོགས་ནང་དོན་20ཙམ་ལ་དམིགས་ཏེ། ཐབས་འདོན་ཇུས་འབུལ་བྱས་ནས་ཧི་མ་ལ་ཡའི་མཐའ་འཁོར་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བློ་གྲོས་ལེགས་སྐྱེས་སུ་ཕུལ་ཡོད།
“གླེང་སྟེགས་ཐོག་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་ཁག་ནས་ཕེབས་པའི་གྲོགས་པོ་མཉམ་འཛོམས་བྱས་ཤིང་། ད་ཐེངས་ཀྱི་བྱེད་སྒོ་བརྒྱུད། ཀྲུང་གོའི་བོད་ལྗོངས་ཀྱིས་ཡུལ་སྐོར་བ་དེ་བས་མང་བའི་ཡིད་དབང་འགུགས་པའི་ཡིད་ཆེས་ཡོད་ལ། མ་འཇོག་ཚོང་པ་དེ་བས་མང་བ་ཞིག་གིས་ཀྲུང་གོའི་བོད་ལྗོངས་སུ་མ་རྩ་བཏང་ནས་བྱ་གཞག་གཏོད་རྒྱུའི་རེ་བའང་ཡོད”ཅེས་ཀྲུང་གོར་བཅའ་སྡོད་བྷེ་ཨུ་རུ་སུའི་གཞུང་ཚབ་ཆེ་མོ་ཁང་གི་རིག་གནས་ཡུལ་སྐོར་ཁྲུའི་འགན་འཁུར་བ་ཨཱ་ནཱ་སི་ཐ་ཞི་ཡཱ·ཤེ་མཱ་ཧྲེ་ཁེས(ན་ཞུའེ)ཡིས་བརྗོད།
“ཀྲུང་གོའི་བོད་ལྗོངས‘ཧི་མ་ལ་ཡའི་མཐའ་འཁོར’གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་དང་པོ་གཉེར་བ་ནས་བཟུང་། ཧི་མ་ལ་ཡའི་མཐའ་འཁོར་ས་ཁུལ་གྱི་རྒྱལ་ཁབ་ཀྱིས་སྐྱེ་ཁམས་སྲུང་སྐྱོང་དང་ཆུའི་ཐོན་ཁུངས་དོ་དམ་སོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ཡོད”ཅེས་ཀྲུང་གོར་བཅའ་སྡོད་ནི་ཁ་ར་ཀྭའི་གཞུང་ཚབ་ཆེ་མོ་བ་མའེ་ཁེར·ཁན་པེར་གྱིས་བརྗོད་པ་དང་། ཁོང་གིས“ང་ཚོའི་རྒྱལ་ཁབ་ཀྱིས་ཀྲུང་གོ་དང་མཉམ་ལས་འབྲེལ་གཏུག་ཁྱབ་ཁོངས་སྔར་བས་རྒྱ་ཆེར་བཏང་ནས‘གནམ་འོག་གི་ལམ་དུ་ལྷན་ཅིག་བསྐྱོད་དེ་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་པའི་རེ་བ་ཡོད”ཅེས་བརྗོད་པ་རེད།
ཧི་མ་ལ་ཡའི་མཐའ་འཁོར་ས་ཁུལ་གྱི་རྒྱལ་སྤྱིའི་མཉམ་ལས་ཟབ་ཏུ་གཏོང་བ་དང་། ཕན་ཚུན་བསམ་ཤེས་ཐུབ་ཚད་ཟབ་ཏུ་གཏོང་བ། རྒྱལ་ཁབ་ཁག་གི་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་ལ་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་མཉམ་ལས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་བ། འཕེལ་རྒྱས་དང་མཉམ་ལས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་པ་བཅས་ཀྱི་ཆེད་དུ། ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་གསུམ་པར《ཉིང་ཁྲིའི་གྲོས་འགོ》ཡོངས་བསྒྲགས་བྱས་ནས་ཕྱོགས་ཁག་ལ་རྒྱལ་སྤྱིའི་སྐྱེ་ཁམས་མཉམ་ལས་ཟབ་ཏུ་བཏང་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད། མི་ཆོས་རིག་གནས་ཀྱི་གླེང་མོལ་སྤེལ་རེས་ལ་སྐུལ་འདེད་བཏང་ནས་འཛམ་གླིང་ཤེས་དཔལ་གྱི་སྣ་མང་རང་བཞིན་ལ་སྲུང་སྐྱོང་། རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་བྱས་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས་པའི་འབོད་སྐུལ་བྱས་པར་ཚོགས་ཞུགས་ཕྱོགས་ཁག་གིས་རྒྱབ་སྐྱོར་རྒྱ་ཁྱབ་དང་བསྔགས་བརྗོད་ཆེན་པོ་བྱས་ཡོད།
ཧི་མ་ལ་ཡའི་མཐའ་འཁོར་རྒྱལ་ཁབ་དབར་ས་ཁམས་འདྲ་བ་དང་། མི་དང་མིའི་དབར་གྱི་འབྲེལ་བ་ཟབ་པ། རིག་གནས་གཅིག་མཐུན་བཅས་ཡོད། ད་ཐེངས་གླེང་སྟེགས་གཉེར་བ་ལས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་དང་དེ་བཞིན་ཚོགས་ཞུགས་སྐུ་མགྲོན་དང་ཤེས་ལྡན་པ་ཚོའི་ཐུན་མོང་གི་བསམ་འདུན་མཚོན་གྱི་ཡོད། ཚང་མས་ཧི་མ་ལ་ཡའི་རི་རྒྱུད་ནི་མཚམས་གཅོད་པའི་མཚོན་རྟགས་ཤིག་མིན་པར། དེ་ནི་རྒྱལ་ཁབ་ཁག་གི་འབྲེལ་ལམ་ཞིག་རེད། གོམ་སྟབས་རྗེས་མར་ཐུན་མོང་གི་ངོས་འཛིན་སྔར་བས་གཅིག་མཐུན་དང་བྱ་སྤྱོད་སྤེལ་ནས། མཉམ་སྦྲེལ་མཉམ་མཐུད་དང་། ཐུན་མོང་འཕེལ་རྒྱས། མི་རབས་ནས་མི་རབས་བར་མཛའ་གྲོགས་བཅས་ཀྱི་ཧི་མ་ལ་ཡའི་མཐའ་འཁོར་གྱི་དཔལ་འབྱོར་མཉམ་ལས་དར་ཁུལ་བསྐྲུན་ཆེད་སྟོབས་ཤུགས་གཅིག་ཏུ་སྒྲིལ་གྱི་ཡིན་ལ། འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་དཔེ་མཚོན་གསར་པ་དང་འགུལ་ནུས་གསར་པའང་འདོན་གྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད།