2023ལོའི“དུས་རབས་གསར་པའི་གྲོང་གསེབ་ཀྱི་དཔེ་ཀློག་ མཛད་སྒོ”སི་ཁྲོན་ཁྲེང་ཏུར་གཉེར་བ།
ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་10ཚེས་13ཉིན་གློག་འཕྲིན་འབྱོར་གསལ། “གྲོང་གསེབ་ཏུ་དཔེ་དེབ་ཀྱི་དྲི་བསུང་འཐུལ། དཔེ་ཀློག་གིས་དར་རྒྱས་ལ་སྐུལ་འདེད་གཏོང” ཚེས་13ཉིན་གྱི་ཕྱི་དྲོར་ཁྲེང་ཏུའུ་གྲོང་ཁྱེར་ཤིན་ཅིན་ཆུས་ཀྱི་ཀྲུང་གོའི་ཐེན་ཧྥུ་ཞིང་ལས་དངོས་མང་བཤམས་སྟོན་གླིང་དུ་སྤྲོ་སྣང་དོད་པའི་གླུ་གར་དང་བསྟུན་ནས་2023ལོའི“དུས་རབས་གསར་པའི་གྲོང་གསེབ་ཀྱི་དཔེ་ཀློག་མཛད་སྒོ”གཉེར་འགོ་ཚུགས་པ་རེད།
ད་ཐེངས་ཀྱི་བྱེད་སྒོ་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཞིང་ལས་གྲོང་གསེབ་པུས་མཉམ་དུ་གཉེར་བ་ཞིག་ཡིན་པ་དང་། 2023ལོའི“དུས་རབས་གསར་པའི་གྲོང་གསེབ་ཀྱི་དཔེ་ཀློག་དུས་ཚིགས”ཀྱི་གཡུར་དུ་ཟ་བའི་གྲུབ་འབྲས་གཅིག་སྡུད་ཐོག་མཚོན་པ་ཞིག་རེད། 2023ལོའི“དུས་རབས་གསར་པའི་གྲོང་གསེབ་ཀྱི་དཔེ་ཀློག་དུས་ཚིགས”ཟླ་4པར་སྤེལ་འགོ་ཚུགས་པ་ནས་བཟུང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གྲོང་གསེབ་ལ་གཞི་ཚུགས་པ་དང་མི་སེམས་སུ་གཏིང་ཟབ་ཟུག་རྒྱུར་སྐུལ་འདེད་གཏོང་རྒྱུར་དམིགས་ནས“ཞིང་པས་དགའ་མོས་བྱེད་པའི་དཔེ་དེབ་རིགས་བརྒྱའི”འོས་སྦྱོར་བྱེད་སྒོ་དང་། “ང་རང་ཉིན་100དཔེ་ཀློག་ལ་དགའ་བའི”དཔེ་ཀློག་བྱེད་སྒོ “གྲོང་གསེབ་དར་རྒྱས་ཀྱི”བརྗོད་དོན་གཙོ་བོའི་དཔེ་དེབ་དཔྱད་འདེམས་ཁྱབ་བསྒྲགས་བྱེད་སྒོ “གྲོང་གསེབ་ཀྱི་དཔེ་ཀློག་མིག་དཔེ་འཚོལ་བ” “ལག་གདང་སྦྲེལ་ནས་དར་རྒྱས་ཕྱོགས་སུ་སྐྱོད་པའི”དཔེ་དེབ་སྤྲོད་པ་སོགས་ཀྱི་བྱེད་སྒོ་སྔ་རྗེས་སུ་སྤེལ་བས། གྲོང་གསེབ་ཀྱི་རིག་གནས་ཞབས་འདེགས་མཁོ་སྤྲོད་ཕུན་སུམ་ཚོགས་སུ་ཕྱིན་པ་དང་། རྒྱ་ཆེའི་གྲོང་གསེབ་ཏུ་རྒྱང་ལམ་གསར་པར་ཧུར་ཐག་སྐྱོད་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པའི་བསམ་པའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ“གྲོང་གསེབ་ཀྱི་དཔེ་ཀློག་མིག་དཔེའི”འཐུས་མི་ཨན་ཧུའེ་ཞིང་ཆེན་ཁྲུའུ་ཀྲོའུ་གྲོང་ཁྱེར་ནན་ཆའོ་ཆུས་ཀྲང་ཀོང་གྲོང་རྡལ་ཡ་ཝོ་གྲོང་ཚོའི་ཞིང་པའི་དཔེ་དེབ་ཁང་གི་དོ་དམ་པ་ཝུའུ་ཅན་དང་ཧྲན་ཏུང་ཞིང་ཆེན་ཝུའེ་ཧྥང་གྲོང་ཁྱེར་ཆིང་ཀྲོའུ་གྲོང་ཁྱེར་དབྱི་ཏུའུ་ཁྲོམ་གཞུང་གི་རྒན་ཡོལ་ཞུས་པའི་དགེ་རྒན་ལིའུ་ཡོན་མིན་གྱིས་དཔེ་དེབ་ལ་བརྟེན་ནས་ཞིང་པ་མང་ཚོགས་ལ་སྐུལ་ཁྲིད་བྱེད་པའི་མི་སེམས་འགུལ་བའི་གཏམ་རྒྱུད་མཉམ་སྤྱོད་བྱས་ཤིང་། ཀུའེ་ཀྲོའུ་ཞིང་ཆེན་ཕིང་ཐང་རྫོང་ནས་ཡོང་བའི་ཞིང་པ་མང་ཚོགས་ཀྱིས2023ལོའི“ཞིང་པས་དགའ་མོས་བྱེད་པའི་དཔེ་དེབ་རིགས་བརྒྱའི”ནང་བདམས་པའི་དཔེ་དེབ་དང་ཟུང་འབྲེལ་བྱས་ཏེ་ཞིང་པའི་མགྱོགས་གཏམ་འཁྲབ་སྟོན་བྱས་ནས་དཔེ་ཀློག་ལ་བརྟེན་ནས་ཕྱུག་འགྱུར་ལམ་དུ་སྐྱོད་པའི་གཏམ་རྒྱུད་བརྗོད་པ་རེད། ས་གནས་ས་ཐོག་ཏུ་ད་དུང“ཀྲེ་ཅང་དང་སི་ཁྲོན་དབར་གྱི་མཛའ་བརྩེ·དཔེ་ཀློག་གིས་བསམ་འདུན་ཆུང་ངུ་འགྲུབ་རོགས་བྱེད་པའི”མཛད་སྒོ་གཉེར་ནས་སི་ཁྲོན་དང་ཀྲེ་ཅང་གི་གྲོང་གསེབ་ཀྱི་ལོ་ཆུང་བྱིས་པ་ཁྲི་གཉིས་ལྷག་ཙམ་གྱི་དཔེ་ཀློག་གི་བསམ་འདུན་འགྲུབ་པར་རམ་འདེགས་བྱས་ནས་ཕྲུ་གུ་ཚོའི་དཔེ་ཀློག་གི་ཕུགས་འདུན་མངོན་འགྱུར་བྱས་པ་རེད།