“ལྟེ་བའི་རིན་ཐང་ལྟ་བའི་འཆད་སྟེགས་ཐེངས་བརྒྱའི”བྱེད་སྒོ་ཐེངས་132པ་གཉེར་བ།
མིས་བཟོས་གཙང་པོ་ཆེན་པོའི་རིག་གནས་འཛུགས་སྐྱོང་དང་རྒྱུན་འཛིན་སྐོར་སྒྲོག་འགྲེལ་བྱས་པ།
ཚེས་13ཉིན་དབྱང་ཀྲོའུ་ཀྲུང་གོའི་མིས་བཟོས་གཙང་པོ་ཆེན་པོའི་རྟེན་མཛོད་ཁང་དུ་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དྲིལ་བསྒྲགས་སློབ་གསོ་ཅུས་དང་འོད་ཟེར་ཉིན་རེའི་ཚགས་པར་ཁང་གིས་མཉམ་དུ་གཙོ་གཉེར་བྱས་པའི“ལྟེ་བའི་རིན་ཐང་ལྟ་བའི་འཆད་སྟེགས་ཐེངས་བརྒྱའི”བྱེད་སྒོ་ཐེངས་132པ་གཉེར་ཞིང་། ཀྲུང་གོ་རྟེན་མཛོད་ཁང་མཐུན་ཚོགས་ཀྱི་ལས་འཛིན་དཔོན《ཀྲུང་གོ་རྟེན་མཛོད་ཁང》གི་གཙོ་སྒྲིག་པ་ལིའུ་ཧྲུའུ་ཀོང་གིས་འགོ་བརྗོད་དུ《མིས་བཟོས་གཙང་པོ་ཆེན་པོའི་རིག་གནས་འཛུགས་སྐྱོང་དང་རྒྱུན་འཛིན》ཞེས་འཁོད་པའི་གཏམ་བཤད་བྱས་པ་རེད།
ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ཚོགས་འདུའི་དགོངས་དོན་དོན་འཁྱོལ་ནན་ཏན་བྱེད་པ་དང་། རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་ཆེད། “ལྟེ་བའི་རིན་ཐང་ལྟ་བའི་འཆད་སྟེགས་ཐེངས་བརྒྱ”ཡིས་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོར་དམིགས་ཏེ་སྒྲོག་འགྲེལ་རབ་དང་རིམ་པ་ཇུས་འགོད་བྱས་པ་རེད། ད་ཐེངས་ཀྱི་བྱེད་སྒོ་ནི་དེའི་ཁྲོད་ཀྱི་ཐེངས་ལྔ་པ་རེད།
ལིའུ་ཧྲུའུ་ཀོང་གིས་ལོ་རྒྱུས་ཀྱི་མིས་བཟོས་གཙང་པོ་དང་། དངོས་ཡོད་ཀྱི་མིས་བཟོས་གཙང་པོ། ཤུལ་བཞག་རེ་ཞུའི་མིས་བཟོས་གཙང་པོ་བཅས་ཕྱོགས་གསུམ་གྱི་ཐད་ནས་ཀྲུང་གོའི་མིས་བཟོས་གཙང་པོ་ཆེན་པོའི་སྔ་རབས་ད་འབྱུང་གསེད་བཀྲོལ་བྱས་པ་མ་ཟད། འཛམ་གླིང་ཤུལ་བཞག་གི་གནས་བབ་འོག་ཀྲུང་གོའི་མིས་བཟོས་གཙང་པོ་ཆེན་པོའི་མངོན་གསལ་དོད་པའི་ཡོངས་ཁྱབ་རིན་ཐང་ལ་ཞུན་བརྡར་བྱེད་པ་ཡང་ནན་བཤད་བྱས་པ་རེད། ཁོང་གིས། མིས་བཟོས་གཙང་པོ་ཆེན་པོར་ཞིབ་འཇུག་དང་ངོས་འཛིན་ཟམ་མི་ཆད་པར་བྱེད་པ་དེས་ཀྲུང་ཧྭ་མི་རིགས་ཀྱི་རྒྱུན་མཐུད་རང་བཞིན་དང་། གཅིག་གྱུར་རང་བཞིན། གསར་གཏོད་རང་བཞིན། བསྟུན་མཁས་རང་བཞིན། ཞི་བདེའི་རང་བཞིན་སོགས་མངོན་གསལ་དོད་པའི་ཁྱད་ཆོས་ཤེས་རྟོགས་གཏིང་ཟབ་བྱེད་པ་དང་། རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ། ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་ཆེ་རུ་གཏོང་བ་བཅས་ཀྱི་ཐད་ནུས་པ་གལ་ཆེན་ལྡན་པའི་ངོས་འཛིན་བྱས་པ་རེད།