འགྲམ་འགག་སྒོར་སླར་ཡང་འཁྲུག་ཆ་དོད་པའི་རྣམ་པ་མངོན་པ།
འདི་ནི་འཁྲུག་ཆ་དོད་པའི་འགྲམ་འགག་སྒོའི་མཐའ་མཚམས་ཚོང་དོན་ཁྲོམ་ར་ཡིན་པ།
གཞིས་རྩེ་གྲོང་ཁྱེར་གཉའ་ལམ་རྫོང་དུ་གནས་པའི་འགྲམ་གྲོང་རྡལ་དེ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ལྷོ་འདབས་སུ་ཆགས་ཡོད། དེའི་ལྷོ་སྣེར་ཆགས་པའི་འགྲམ་འགག་སྒོ་ནི་ཀྲུང་ནེ་རྒྱལ་ཁབ་གཉིས་མཉམ་སྦྲེལ་མཉམ་མཐུད་དང་། དཔལ་འབྱོར་ཚོང་དོན་མཉམ་ལས། རིག་གནས་སྤེལ་རེས་བཅས་ཀྱི་སྦྲེལ་ཟམ་གལ་ཆེན་ཞིག་རེད།
2015ལོའི་ཟླ་4ཚེས་25ཉིན་ནེ་པ་ལར་ས་ཡོམ་ཆེན་པོ་བརྒྱབ་ནས་རང་རྒྱལ་གྱི་ཉེ་འདབས་ས་ཁུལ་ལ་ཤུགས་རྐྱེན་ཐེབས་པ་དང་འགྲམ་འགག་སྒོར་གནོད་འཚེ་ཚབས་ཆེན་ཕོག་སྟེ་སྐབས་ཤིག་རིང་སྒོ་རྒྱག་དགོས་འཁེལ་ཡོད།
ལོ་མང་རིང་བསྐྱར་སྐྲུན་བྱས་པ་བརྒྱུད་འདི་ལོ་ཕྱོགས་ཁག་གི་འབད་བརྩོན་འོག་འགྲམ་འགག་སྒོ་ནས་གཏམ་བཟང་གཅིག་རྗེས་གཉིས་མཐུད་ངང་གྲགས་པ་སྟེ། ཟླ་5ཚེས་1ཉིན་ཕྱོགས་གཉིས་ཀྱི་ཟོག་འདྲེན་བགྲོད་ལམ་གྱི་བྱེད་ནུས་སླར་གསོ་བྱུང་ནས་ཟོག་འདྲེན་རླངས་འཁོར་འགྲོ་སྐྱོད་བྱེད་མང་དུ་སོང་བ་དང་། ཟླ་9ཚེས་1ཉིན་འགྲུལ་སྐྱེལ་བགྲོད་ལམ་གྱི་བྱེད་ནུས་སླར་གསོ་ཐུབ་ནས་མཐའ་མཚམས་ཚོང་དོན་གྱི་མཉམ་སྦྲེལ་མཉམ་མཐུད་སླར་ཡང་འགོ་ཚུགས་པ་དང་མཐའ་མཚམས་མི་སེར་གྱི་ཉོ་ཚོང་འགྲོ་འོང་མང་དུ་ཕྱིན་ཡོད།
“ཟམ་པའི་གཞོགས་གཞན་ཞིག་ནི་ནེ་པ་ལའི་མཐའ་མཚམས་གྲོང་ཚོ་རེད”འགྲམ་འགག་སྒོའི་ལས་དོན་མི་སྣས“འགྲུལ་སྐྱེལ་འགག་སྒོ་སླར་གསོ་བྱས་ཚུན་ཀྲུང་ནེའི་དབར་འགྲོ་འོང་བྱེད་མཁན་རྒྱུན་ཆད་མེད་པར་མང་དུ་ཕྱིན་ནས་མི་རིང་བའི་གོང་ཉིན་རེའི་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་མི་ཐེངས་1000ལྷག་ཙམ་ཟིན་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།
ནེ་པ་ལའི་པར་པི་སི་གྲོང་རྡལ་ཁོ་ཏཱ་ལི་གྲོང་ཚོ་ནས་ཡིན་པའི་བསོད་ནམས་ཀྱིས་ཕ་ཡུལ་དུ་ཚོང་ཁང་ཆུང་ཆུང་ཞིག་བཙུགས་ཡོད། འགག་སྒོའི་འགྲུལ་སྐྱེལ་ལས་སྒོ་སླར་གསོ་བྱུང་བ་དེ་ཁོང་གི་ངོས་ནས་བརྗོད་ན་དགའ་འོས་པའི་བྱ་བ་ཞིག་རེད། “ལམ་དེར་སྔོན་ཆད་ཐེངས་མང་བསྐྱོད་མྱོང་ཡོད། ད་ལྟ་སླར་ཡང་ཀྲུང་གོའི་ས་ཆར་བསྐྱོད་རྒྱུ་བྱུང་བས་ཧ་ཅང་དགའ་པོ་འདུག”ཅེས་བསོད་ནམས་ཀྱིས་གསར་འགོད་པར་བཤད་པ་དང་། ཁོང་གིས་ཉེ་དུས་དེ་གར་རྟག་པར་ཡོང་ནས་འཐུང་བྱ་དང་སིལ་ཟས་སྡེབ་ཚོང་རྒྱག་གི་ཡོད་པས་ཕ་ཡུལ་གྱི་མང་ཚོགས་ཀྱིས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག་ཅེས་བཤད།
“ང་ཚོའི་ཚོང་ཁང་འདི་ནི་2019ལོར་དགོན་གསར་གྲོང་ཚོས་བཙུགས་པའི་གྲོང་ཚོའི་མཉམ་སྡེབ་ཐོན་ལས་ཤིག་རེད། དེར་རྒྱ་ཟས་དང་། བོད་ཟས། ནེ་པ་ལའི་ཟས་བཅས་ཚང་མ་ཡོད། ཉེ་བའི་ལོ་ཤས་རིང་ཚོང་ཡག་པོ་མེད་ཀྱང་ལྟོ་གོས་འཕྱིད་ཙམ་འདུག ད་ལྟ་འགག་སྒོ་སླར་གསོ་བྱུང་ནས་མི་མང་དུ་ཕྱིན་པས་འབྱུང་འགྱུར་གྱི་འཚོ་བར་ཡིད་ཆེས་ཀྱིས་ཁེངས་ཡོད”ཅེས་ན་གཞོན་སྦྱིན་བདག་པད་མ་རྡོ་རྗེས་སྐུ་མགྲོན་ལ་ཁ་ཡ་བྱེད་བཞིན་དུ་གསར་འགོད་པར་བཤད་བྱུང་།