ཞི་ཅིན་ཕིང་གིས་ཅང་ཤིས་སུ་རྟོག་ཞིབ་གནང་སྐབས་ནན་བཤད་གནང་དོན།
བསམ་བློར་བཅིངས་འགྲོལ་དང་། གསར་འབྱེད་ཡར་བརྩོན། དགེ་སྤེལ་སྐྱོན་སྤོང་། གཞི་བརྟན་གསར་དར་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཅང་ཤིས་ཀྱི་ལེའུ་ཧུར་ཐག་རྩོམ་དགོས།
ཚའེ་ཆི་ལྷན་དུ་རྟོག་ཞིབ་གནང་བར་ཕེབས་པ།
ཟླ་10ཚེས་10ནས་13ཉིན་བར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཅང་ཤིས་སུ་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས་10ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་ཅིའུ་ཅང་ཡན་ལག་ཀུང་སིར་རྟོག་ཞིབ་གནང་སྐབས་ཁེ་ལས་ཀྱི་ལས་མི་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བཞིན་པ།
ཟླ་10ཚེས་10ནས་13ཉིན་བར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཅང་ཤིས་སུ་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས་11ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས་ཧྲང་རའོ་གྲོང་ཁྱེར་ཝུའུ་ཡོན་རྫོང་ཆིའུ་ཁའུ་གྲོང་རྡལ་ཝང་གྲོང་ཚོའི་ཧྲི་མོན་རང་བྱུང་གྲོང་ཚོར་རྟོག་ཞིབ་གནང་སྐབས་གྲོང་མི་ཚོ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བཞིན་པ།
ཤིན་ཧྭ་གསར་འགྱུར་ཁང་ནན་ཁྲང་ནས་ཟླ་10ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཅང་ཤིས་སུ་རྟོག་ཞིབ་གནང་སྐབས། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཏང་གི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་དོན་འཁྱོལ་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་ཁྲོད་ཀྱི་ཅང་ཤིས་ཀྱི་ངེས་གནས་ལ་སྟངས་འཛིན་ནན་པོ་བྱེད་པ། ཅང་ཤིས་ཀྱི་ཁྱད་ཆོས་དང་ལེགས་ཆར་གཞི་ཚུགས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་། ལྗང་མདོག་འཕེལ་རྒྱས། ཐཱན་ཉུང་འཕེལ་རྒྱས་སོགས་ཀྱི་བླང་བྱ་གསར་པར་དམིགས་པ། བསམ་བློར་བཅིངས་འགྲོལ་དང་། གསར་འབྱེད་ཡར་བརྩོན། དགེ་སྤེལ་སྐྱོན་སྤོང་། གཞི་བརྟན་གསར་དར་བཅས་བྱས་ནས། གསར་བརྗེའི་གནས་རྙིང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་མགྱོགས་སུ་གཏོང་བའི་ཐད་མདུན་དུ་སྐྱོད་པ་དང་། དབུས་རྒྱུད་ས་ཁུལ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་སྔོན་ལ་སྐྱོད་པ། འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་འཇོག་པ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཅང་ཤིས་ཀྱི་ལེའུ་ཧུར་ཐག་རྩོམ་དགོས་པའི་ནན་བཤད་གནང་བ་རེད།
ཟླ་10ཚེས་10ནས་13ཉིན་བར་ཞི་ཅིན་ཕིང་གིས་ཅང་ཤིས་ཞིང་ཨུད་ཀྱི་ཧྲུའུ་ཅི་དབྱིན་ཧུང་དང་ཧྲེང་ཀྲང་ཡེ་ཅན་ཁྲུན་གྱི་ཕེབས་རོགས་འོག་སྔ་རྗེས་སུ་ཅིའུ་ཅང་དང་། ཅིང་ཏེ་ཀྲེན། ཧྲང་རའོ་སོགས་སུ་ཕེབས་ཏེ། འབྲི་ཆུའི་རྒྱུད་དང་། ཁེ་ལས། ལོ་རྒྱུས་རིག་གནས་ཁྲོམ་གཞུང་། གྲོང་གསེབ་སོགས་སུ་བརྟག་ཞིབ་གནང་བ་རེད།
ཚེས་10ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས་ཅིའུ་ཅང་གྲོང་ཁྱེར་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་བར་ཕེབས་པ་རེད། འབྲི་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་ཅིའུ་ཅང་གྲོང་ཁུལ་དུམ་བུར་ཞི་ཅིན་ཕིང་གིས་པི་ཝང་བསིལ་ཁང་དུ་འཛེགས་ནས་འབྲི་ཆུར་རྒྱང་གཟིགས་གནང་བ་དང་། ཆར་པར་མ་འཛེམས་པར་ཞབས་ཐང་མར་གཙང་པོའི་འགྲམ་རྒྱུད་ཀྱི་རྣམ་པར་གཟིགས་ཞིབ་གནང་བ། འབྲི་ཆུའི་ཆུ་ཁ་དང་། ཆུ་སྤུས། ཆུ་ཐོག་སྐྱེལ་འདྲེན། ཆུ་ལོག་སྔོན་འགོག ཉ་རྒྱ་སྡོམ་པ་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ། ས་གནས་དེ་གའི་ཆུ་ངོགས་རྡིབ་ཚུལ་བཅོས་སྐྱོང་དང་། གྲུ་ལམ་གཤོང་བ། ཆུ་ངོགས་ཀྱི་སྐྱེ་ཁམས་ཉམས་གསོ་སོགས་ཀྱི་ལས་ཀའི་འཕེལ་རིམ་གྱི་ངོ་སྤྲོད་གསན་པ་རེད། ཞི་ཅིན་ཕིང་གིས། འབྲི་ཆུ་ནི་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་འབྲེལ་ཐག་ལྟ་བུ་རེད། འབྱུང་འགྱུར་འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་ཅི་འདྲ་བྱུང་བ་དང་འཕེལ་རྒྱས་དུས་རིམ་གང་ཞིག་ཏུ་སླེབས་ཀྱང་འབྲི་ཆུའི་གསོ་སྐྱོང་དང་ཁ་འབྲལ་ཐབས་མེད། དེས་ན། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་ཚེ་སྲོག་གཅིག་མཐུན་འདུས་གྲུབ་ནས་འགོ་འཛུགས་པ་དང་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་ལ་དམིགས་ཏེ་འབྲི་ཆུར་སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།
ཚེས་11ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་ཅིང་ཏེ་ཀྲེན་གྲོང་ཁྱེར་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་བར་ཕེབས་པ་རེད། ཐའོ་དབྱང་ལི་ལོ་རྒྱུས་རིག་གནས་ཁྲོམ་གཞུང་དུ་ཞི་ཅིན་ཕིང་གིས་སྔ་རྗེས་སུ་ནན་ལུའུ་གནའ་ཤུལ་དང་། རྫ་དཀར་རྟེན་རྫས་བཤམས་མཛོད་ཁང་། མིང་དང་ཆིང་རྒྱལ་རབས་ཀྱི་སོ་གཏོང་ཐབ་ཁའི་ཚོགས་བཅས་སུ་ཕེབས་ནས་སྤྲོ་སྣང་ཆེན་པོས་རྫ་དཀར་བཟོ་རྩལ་གྱི་བརྒྱུད་རིམ་དང་། རྫ་དཀར་རིག་གནས་རྒྱུན་འཛིན་གསར་གཏོད། ཕྱི་ཕྱོགས་སྤེལ་རེས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་མ་ཟད། མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་དང་བྱམས་བརྩེའི་ངང་སྤེལ་རེས་ཀྱང་གནང་སྟེ་ཁོང་ཚོའི་ལག་རྩལ་དང་བཟོ་བོའི་སྙིང་སྟོབས་ལ་བསྔགས་བརྗོད་ཡང་ཡང་གནང་ཞིང་། ཁོང་ཚོར་སྒྱུ་རྩལ་གོང་དུ་བཀུར་ནས་བློ་རྩེ་གཅིག་སྒྲིམ་ངང་རྒྱུན་འཛིན་གསར་གཏོད་ལ་གཞོལ་དགོས་པའི་ལྕག་སྐུལ་གནང་བ་རེད། ཞི་ཅིན་ཕིང་གིས། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་གནའ་སྔ་མོ་ནས་ད་བར་རྒྱུན་ཆད་མྱོང་མེད། རྫ་དཀར་ནི་ཀྲུང་ཧྭའི་མཆོག་ནོར་ཞིག་དང་ཀྲུང་ཧྭའི་ཤེས་དཔལ་གྱི་མིང་བྱང་གལ་ཆེན་ཞིག་རེད། ཐའོ་དབྱང་ལི་ལོ་རྒྱུས་རིག་གནས་ཁྲོམ་གཞུང་གིས་སྲུང་སྐྱོང་ཨང་དང་པོར་འཛིན་པ་དང་རྙིང་པ་རྙིང་པ་ལྟར་ཉམས་བཟོ་བྱེད་པའི་བླང་བྱར་བརྩི་སྲུང་ནན་པོ་ཞུས་པས་རྫ་དཀར་རིག་གནས་སྲུང་སྐྱོང་ཐུབ་ཡོད་ལ་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་བྱུང་ཡོད། ཕྱོགས་གང་ཅིའི་ཐད་ཀྱི་ཤེས་ལྡན་མི་སྣ་གཅིག་ཏུ་བསྡུ་བ་དང་། བསམ་བཀོད་ཇུས་འགོད་དང་ཞིབ་འཇུག་གསར་སྤེལ་དང་གསར་གཏོད་ལ་ཤུགས་སྣོན་རྒྱག་པ། རྫ་དཀར་ཐོན་ལས་སྔར་བས་ཆེ་རུ་དང་སྟོབས་ཆེར་གཏོང་བ་བཅས་བྱས་ནས“ལོ་ངོ་སྟོང་གི་རྫ་དཀར་གྲོང་ཁྱེར”གྱི་བཀྲག་མདངས་ཆེ་བའི་མིང་བྱང་ལས་དེ་བས་བཀྲག་མདངས་འཚེར་བ་བྱེད་དགོས་ཞེས་གསུངས་པ་རེད།
དེ་རྗེས་ཞི་ཅིན་ཕིང་ཁྲང་ཧོ་གནམ་གྲུ་བཟོ་ལས(ཚོགས་པ)ཚད་ཡོད་ཀུང་སིར་ཕེབས་ཏེ། ཐད་འཕུར་གནམ་གྲུ་སྒྲིག་སྦྱོར་འཁོར་ཁང་དང་ཚོད་ལྟ་འཕུར་སྐྱོད་ས་ཚིགས་སུ་རྟོག་ཞིབ་གནང་བ་དང་ཁེ་ལས་ཀྱིས་ལག་རྩལ་གསར་གཏོད་དང་ཐོན་རྫས་རིམ་སྤོར་ལ་སྐུལ་འདེད་བཏང་བའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས། མཁའ་འགྲུལ་སྒྲིག་ཆས་ནི་རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་ཀྱི་གཙོ་གནད་ཅིག་རེད། གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་འགག་རྩའི་ལྟེ་བའི་ལག་རྩལ་རང་རྟེན་ཞིབ་འཇུག་གསར་གཏོད་ཐད་ཤུགས་དེ་བས་ཆེ་བ་རྒྱག་པ་དང་འབྱུང་འགྱུར་གྱི་དགོས་མཁོར་དམིགས་ནས་ཐོན་རྫས་གསར་པ་བཏོད་དེ། སྔོན་ཐོན་གྱི་བཟོ་སྐྲུན་མ་ལག་ཧུར་ཐག་སྐྲུན་པ་དང་འཛམ་གླིང་གི་ཐད་འཕུར་གནམ་གྲུའི་ཁེ་ལས་རྩེ་གྲ་གཏོད་དགོས་ཞེས་གསུངས་པ་རེད།
ཚེས་11ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་ཧྲང་རའོ་གྲོང་ཁྱེར་ཝུའུ་ཡོན་རྫོང་ཆིའུ་ཁའུ་གྲོང་རྡལ་ཝང་གྲོང་ཚོའི་ཧྲེ་མོན་རང་བྱུང་གྲོང་ཚོར་ཕེབས་པ་རེད། འདི་ནི་རའོ་ཧོ་ཆུ་འགོའི་རྒྱལ་ཁབ་འདམ་རའི་སྤྱི་གླིང་གི་ལྟེ་གནས་ཁུལ་ཡིན་ལ། སྟོངས་ལ་ཉེ་བའི་འདབ་ཆགས་འཇོལ་མོ་མགོ་སྔོན་རང་བྱུང་སྲུང་སྐྱོང་ཁུལ་ཞིག་ཀྱང་ཡིན་པས་སྔོ་ཁེབས་སྣ་མང་དང་སྐྱེ་ཁམས་ཡག་པོ་ཡོད། ཞི་ཅིན་ཕིང་གིས་འདམ་རའི་སྤྱི་གླིང་དང་འཇོལ་མོ་མགོ་སྔོན་སྲུང་སྐྱོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། གྲོང་ཚོའི་ཐང་ཆེན་དུ་སྲན་དམར་དང་། ཨ་ཤོམ། སུར་པན་སོགས་ཉི་སྐམ་གཏོང་བཞིན་ཡོད་པ་དེ་མི་སེམས་ལྷག་པར་དགའ་འོས་པ་ཞིག་ཡོད། མཛེས་རྩལ་སློབ་གླིང་གི་དགེ་སློབ་ཚོ་དེ་གར་ཡུལ་ལྗོངས་རི་མོ་འབྲི་བཞིན་ཡོད་པས་ཞི་ཅིན་ཕིང་གིས་ཕེབས་མཚམས་བཞག་ནས་ཁོང་ཚོ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་སྟེ། ཁོང་ཚོར་རྨང་གཞི་བརྟན་པོ་འདིང་དགོས་པའི་ལྕག་སྐུལ་ཡང་གནང་བ་རེད། ས་གནས་དེ་གའི་ཁྱད་ལྡན་ཡུལ་སྐོར་དང་ཇའི་ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་གཏོང་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་མཁྱེན་སྐབས་ཞི་ཅིན་ཕིང་དགྱེས་ཚོར་ཧ་ཅང་ཆེན་པོ་བྱུང་བ་རེད། ཁོང་གིས། མཛེས་སྡུག་ལྡན་པའི་རང་བྱུང་ཁོར་ཡུག་ནི་མ་གཞི་ནས་གྲོང་གསེབ་དར་རྒྱས་གཏོང་བའི་ཐོན་ཁུངས་སྤུས་ལེགས་ཤིག་ཡིན་པས་སྐྱེ་ཁམས་ཀྱི་རིན་ཐང་མངོན་པར་བྱེད་པའི་ཐབས་ལམ་ནུས་ལྡན་བཙལ་ཏེ་མང་ཚོགས་ལ་ཕན་པ་དངོས་ཐོབ་པ་བྱེད་དགོས། གྲོང་གསེབ་དར་རྒྱས་གཏོང་དགོས་ན། འགག་རྩ་ནི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ཡག་པོ་དང་སྟོབས་ཆེར་གཏོང་དགོས་པ་དེ་རེད། གཞི་རིམ་ཏང་རྩ་འཛུགས་དེ་མང་ཚོགས་ཕྱུག་འགྱུར་གྱི་སྣེ་ཁྲིད་པར་འགྱུར་བ་བྱས་ནས་ཏང་གི་དམངས་ཕན་སྲིད་ཇུས་དོན་འཁྱོལ་དང་ཕན་འབྲས་ཐོན་པར་འགན་ལེན་བྱས་ཏེ་དམག་འཐབ་ཀྱི་མཁར་རྫོང་ཞིག་ཏུ་དངོས་འབྲེལ་འགྱུར་བ་བྱེད་དགོས་ཞེས་གསུངས་པ་རེད།
གྲོང་ཚོ་ནས་ཞལ་གྱེས་གནང་སྐབས་གྲོང་མི་ཚོས་སྤྲོ་སེམས་འཁོལ་བའི་ངང་སྤྱི་ཁྱབ་ཧྲུའུ་ཅིར་དགའ་སྐྱེལ་ཞུས་པ་རེད། ཞི་ཅིན་ཕིང་གིས་བྱམས་བརྩེའི་ངང་བརྗོད་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་གྲོང་ཁྱེར་གྱི་དེང་རབས་ཅན་ཡོད་དགོས་ལ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ཡང་ཡོད་དགོས། ངས་གྲོང་གསེབ་དར་རྒྱས་གཏོང་རྒྱུར་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། ཁྱེད་ཚོས་རང་བྱུང་སྐྱེ་ཁམས་ལ་སྲུང་སྐྱོང་ཡག་པོ་བྱས་ཏེ་སྲོལ་རྒྱུན་གྱི་གྲོང་སྡེའི་ཉམས་འགྱུར་དང་དེང་རབས་ཀྱི་ཁྱད་ཆོས་ཟུང་འབྲེལ་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་མཛེས་དཔྱོད་འདོད་ཕྱོགས་མཐའ་འཁྱོངས་ཀྱིས་གྲོང་གསེབ་དེ་བས་མཛེས་སྡུག་ལྡན་པ་ཞིག་བསྐྲུན་ནས་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་སྤྲོ་སྣང་འཕེལ་བ་དང་དེ་ཙམ་གྱིས་བདེ་སྐྱིད་ཡོང་བ་བྱ་རྒྱུའི་རེ་བ་ཡོད།
ཚེས་13ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་གིས་ཅང་ཤིས་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་ཞུ་གསན་རྗེས་ཅང་ཤིས་ཀྱི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གནང་བ་རེད།
ཞི་ཅིན་ཕིང་གིས་བསྟན་དོན། དེང་རབས་ཅན་གྱི་ཐོན་ལས་མ་ལག་གཏོད་པར་བརྗིད་ཆེའི་བློ་སྟོབས་ལྡན་པར་བྱས་ནས། གནས་བབ་བརྩོན་ལེན་གྱིས་འཕེལ་རྒྱས་ཧུར་ཐག་གཏོང་དགོས་ལ། དོན་དངོས་ལ་གཞི་ཚུགས་པ་དང་ཐབས་སྒྱུར་འཕེལ་རྒྱས་གཏོང་མཁས་པོའང་བྱེད་དགོས། ངེས་གནས་ཡང་དག་འཚོལ་བ་དང་ཁ་ཕྱོགས་གཏན་འཁེལ་བྱེད་པ་དང་། ཐོན་ཁུངས་བསྡུ་སྒྲིལ་དང་གནད་སྨིན་ཤུགས་འདོན་བྱེད་པ། སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་རིམ་སྤོར་བྱེད་མགྱོགས་སུ་གཏོང་བ། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་སྟོབས་ཆེར་གཏོང་བ། འབྱུང་འགྱུར་ཐོན་ལས་བཀོད་སྒྲིག་ཧུར་ཐག་བཅས་བྱས་ནས་ཅང་ཤིས་ཀྱི་ཁྱད་ཆོས་དང་ལེགས་ཆ་མངོན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་ཧུར་ཐག་གཏོད་དགོས། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་གསར་གཏོད་ཀྱི་འབྲེལ་ཐག་བཀོད་སྒྲིག་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་དང་ཚན་རྩལ་གྱི་ཐོན་ཁུངས་དང་འབྲེལ་མཐུད་ཧུར་ཐག འགག་རྩའི་ལྟེ་བའི་ལག་རྩལ་ཁག་ཅིག་ཚད་བརྒལ། མཐོ་གསར་ལག་རྩལ་གྱི་ཐོན་ལས་ཁག་གཅིག་གཏོད་པ་བཅས་བྱས་ནས་རྒྱལ་ཡོངས་སུ་ཤུགས་རྐྱེན་ལྡན་པའི་ཐོན་ལས་ཁྱུ་ཚོགས་ཆགས་པར་བྱེད་དགོས། གྲངས་འཛིན་དཔལ་འབྱོར་དང་དངོས་གཞིའི་དཔལ་འབྱོར་མཉམ་འདྲེས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་དང་རྒྱ་སྐྱེད་གཏོང་དགོས། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དེ་ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་བཏང་ནས་སྐྱེ་ཁམས་ཤེས་དཔལ་སྲོལ་གཏོད་ཀྱི་མཐོ་ས་གཏོད་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཅང་ཤིས་ནས་ཤར་ནུབ་མཐུད་པ་དང་། ལྷོ་བྱང་སྦྲེལ་བ། གཙང་པོ་དང་རྒྱ་མཚོ་ཤར་གཏོང་བཅས་ཐུབ་ཀྱི་ཡོད་པས། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་མང་པོ་བཀོད་སྒྲིག་བྱས་ཡོད། ཕྱི་ནང་གི་སྒོ་དབྱེ་གཏིང་ཟབ་ཏུ་བཏང་སྟེ་སྒོ་དབྱེར་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྐམ་སའི་དབུས་ཁུལ་གྱི་སྒྱུར་བཅོས་སྒོ་དབྱེའི་མཐོ་ས་བཏོད་དེ་འཕེལ་རྒྱས་ཀྱི་བཀོད་པ་གསར་པར་རང་འགུལ་ངང་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་ཐུབ་པ་བྱེད་དགོས། འགག་སྒོའི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་ནས་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་ལྷུ་ཚིགས་གལ་ཆེན་གྱི་གྲོང་ཁྱེར་འཛུགས་སྐྲུན་བྱས་ཏེ་ས་ཁོངས་རང་བཞིན་གྱི་ཟོག་འགྲེམས་ལྟེ་གནས་དང་ཚོང་དོན་ལྟེ་གནས་སྐྲུན་དགོས། གྲོང་ཁྱེར་གྱི་འཁོར་རྒྱ་ཆེ་རུ་བཏང་ནས་འབྲི་ཆུའི་ཟུར་གསུམ་ཁུལ་གཞི་གཅིག་ཅན་གྱི་འཕེལ་རྒྱས་དང་གཡོད་ཀང་ཨའོ་མཚོ་ཁུག་ཁུལ་ཆེན་པོ་འཛུགས་སྐྲུན་དང་རང་འགུལ་ངང་སྦྲེལ་མཐུད་དང་དེར་ཞབས་འདེགས་ཞུས་ཏེ། མ་དངུལ་དང་། ལག་རྩལ། ཤེས་ལྡན་མི་སྣ་སོགས་ཀྱི་ཡིད་དབང་འགུགས་ཤུགས་ཇེ་ཆེར་གཏོང་དགོས། སྐྱེ་ཁམས་ཀྱི་ལེགས་ཆ་དང་སྲོལ་རྒྱུན་གྱི་ཞིང་ལས་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ས་ཁོངས་རང་བཞིན་གྱི་སྤུས་ལེགས་ཞིང་ཞོར་ཐོན་རྫས་ཐོན་སྐྱེད་དང་མཁོ་སྤྲོད་ཀྱི་རྟེན་གཞི་སྐྲུན་དགོས། སྲོལ་རྒྱུན་གྱི་ཚོང་འགྲུལ་ལམ་བུ་སྲ་བརྟན་དུ་གཏོང་བ་དང་ལམ་བུ་གསར་པ་ཧུར་ཐག་གཏོད་དེ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་མཉམ་འདྲེས་གཏིང་ཟབ་ཐུབ་པར་བྱེད་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་འཛུགས་སྐྲུན་གྱི་གོམ་སྟབས་མགྱོགས་སུ་གཏོང་བ་དང་། འབྲུ་རིགས་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་སྲུང་བ། ཞིང་ལས་ཐོན་ལས་ཅན་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་གྲོང་གསེབ་དར་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས། ཐོན་ལས་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་བ་དང་། སྤུས་ཚད་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་བ། ལྗང་མདོག་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་བ་བཅས་མཐའ་འཁྱོངས་ཀྱིས་ཞིང་ལས་འཛུགས་སྐྲུན་དེ་ཐོན་ལས་ཆེན་པོར་འགྱུར་བར་བྱས་ནས་ཞིང་ལས་སྟོབས་ཆེན་ཞིང་ཆེན་དུ་གང་མགྱོགས་སྐྲུན་དགོས། ནགས་ཁྲོད་དཔལ་འབྱོར་འཕེལ་རྒྱས་བཏང་སྟེ་ནགས་ཚལ་གྱི་བཟའ་བཅའ་གསར་སྤེལ་དང་སྐྱེ་ཁམས་ཡུལ་སྐོར་དང་ནགས་ཁྲོད་ལུས་གསོ་སོགས་ལས་རྣམ་གསར་པ་སྐྱེད་སྲིང་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བར་ཐོན་ལས་འཕེལ་རྒྱས་ལ་དེ་བས་མང་ཙམ་བརྟེན་ནས་ནང་སྐྱེས་འཕེལ་རྒྱས་ཀྱི་སྒུལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་དང་། སྤྱི་པའི་ཞབས་ཞུ། ཁོར་ཡུག་བཅོས་སྒྲིག ཡུལ་སྲོལ་འཛུགས་སྐྱོང་བཅས་ལ་དམིགས་ནས་གོམ་པ་རིམ་བགྲོད་དང་སྙིང་རུས་གཏན་འཁྱོངས་ཀྱིས་དོན་དངོས་ཁག་གཅིག་བསྒྲུབ་རྒྱུར་དམ་འཛིན་བྱས་ཏེ་མང་ཚོགས་ཀྱིས་འགྱུར་ལྡོག་གསར་པ་མཐོང་ཐུབ་པ་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། གསར་བརྗེའི་གནས་རྙིང་པའི་མི་དམངས་ཀྱིས་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་དང་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པར་འགན་ལེན་བྱ་རྒྱུ་ནི་མི་དམངས་ཡོངས་མཉམ་དུ་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་བའི་མཐའ་ཚད་ཀྱི་ལས་འགན་ཞིག་རེད། ལས་ཞུགས་སྔོན་ལ་འཇོག་པའི་སྲིད་ཇུས་ལ་ཤུགས་སྣོན་བརྒྱབ་ནས་ལས་གནས་བརྟན་དུ་དང་རྒྱ་ཆེར་བཏང་སྟེ་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ཀྱི་ལས་དོན་ཏན་ཏིག་སྒྲུབ་དགོས། རྨང་གཞིའི་རང་བཞིན་དང་། ཀུན་ཕན་རང་བཞིན། ཐ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོའི་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་ཀྱི་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤྱི་ཚོགས་རོགས་སྐྱོབ་དང་དགེ་སྒྲུབ་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། གཞི་རྩའི་སྤྱི་པའི་སློབ་གསོའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕྲོད་བསྟེན་བདེ་ཐང་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། དབུལ་པོ་བསྐྱར་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་བྱ་ཡུལ་དང་ལས་ཞུགས་མེད་པའི་ཁྱིམ་ཚང་སོགས་དཀའ་ངལ་ཡོད་པའི་ཚོགས་སྤྱིར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་དང་པོའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ལ་ཕྱོགས་སྡོམ་དང་བེད་སྤྱོད་བྱས་ནས་སྤུས་ཚད་མཐོན་པོས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་ཏེ་ཅིང་ཀང་ཧྲན་རི་བོའི་སྙིང་སྟོབས་དང་། སུའུ་ཝེ་ཨེད་ས་ཁུལ་གྱི་སྙིང་སྟོབས། རྒྱང་སྐྱོད་ཀྱི་སྙིང་སྟོབས་བཅས་ལ་བརྟེན་ནས་ཏང་ཡོན་དང་ལས་བྱེད་པར་སྐུལ་ལྕག་བྱས་ཏེ་ཏང་ཡོན་དང་ལས་བྱེད་པར་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། ཐོག་མའི་བསམ་འདུན་དང་ལས་འགན་བློ་ལ་བརྟན་པོར་ངེས་པ། གསར་འབྱེད་ཡར་བརྩོན་ཧུར་ཐག་བྱེད་པ། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་སློབ་གསོ་ཁྲིད་སྟོན་བྱེད་དགོས། དོན་དངོས་ཀྱི་བླང་བྱ་དེ་བརྗོད་དོན་གཙོ་བོའི་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྔོན་འགོག་དང་ཁྱད་བསད་མཐའ་གཅིག་ཏུ་བྱས་ཏེ་དངོས་དངོས་རྗེན་རྗེན་གྱི་སྒོ་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག་ལ་དམ་འཛིན་ཡག་པོ་བྱེད་པ་དང་། དངོས་དངོས་རྗེན་རྗེན་གྱི་སྒོ་ནས་དག་ཐེར་གྱི་མངོན་གསལ་དོད་པའི་གནད་དོན་འཚོལ་ཞིབ་བྱེད་པ། དངོས་དངོས་རྗེན་རྗེན་གྱི་སྒོ་ནས་དམངས་ཕན་གྱི་བྱ་བ་དངོས་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་དངོས་སྒྲུབ་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་དང་དམངས་ཀྱི་ཡིད་ཆེས་ཐོབ་པར་བྱེད་དགོས།