ཞི་ཅིན་ཕིང་དང་ཙུང་ཐུང་ཕེང་ཏཱ་ལུའོ་ཧྥུའུ་སི་ཅི་རྣམ་གཉིས་ཀྱིས་ཀྲུང་གོ་དང་བྱང་མ་སི་དོ་ཉི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་30འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་12ཉིན་གློག་འཕྲིན་འབྱོར་གསལ། གོང་ཚེས་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་བྱང་མ་སི་དོ་ཉི་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཕེང་ཏཱ་ལུའོ་ཧྥུའུ་སི་ཅི་རྣམ་གཉིས་ཀྱིས་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་གཏོང་རེས་བྱས་ནས་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་30འཁོར་བར་རྟེན་འབྲེལ་ཞུས་གནང་བ་རེད།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་བྱང་མ་སི་དོ་ཉི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་30སོང་རིང་། ཕྱོགས་གཉིས་པོའི་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་དང་སྲོལ་རྒྱུན་མཛའ་འབྲེལ་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཤེས་དཔལ་མིག་ལྟོས། འཕྲོད་བསྟེན་སོགས་ཁྱབ་ཁོངས་སུ་མཉམ་ལས་ཀྱི་ཉམས་མྱོང་རྩ་ཆེན་བསགས་ཡོད་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པར་ངས་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད།
དེ་དང་ཆབས་ཅིག ངས་ཀྲུང་གོ་དང་བྱང་མ་སི་དོ་ཉི་ཡའི་འབྲེལ་བ་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཙུང་ཐུང་ཕེང་ཏཱ་ལུའོ་ཧྥུའུ་སི་ཅི་དང་མཉམ་དུ་འབད་འཐབ་བྱས་ནས་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་ཕྱོགས་གཉིས་པོའི་ཕན་ཚུན་ཡིད་ཆེས་དང་། མཛའ་གྲོགས། མཉམ་ལས་བཅས་ཟབ་ཏུ་བཏང་ཐོག་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་30འཁོར་བ་འགོ་འཛུགས་ས་གསར་པར་བྱས་ཏེ། ཀྲུང་གོ་དང་བྱང་མ་སི་དོ་ཉི་ཡའི་འབྲེལ་བའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་བཏོད་དེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་རྩ་དེ་བས་ཆེན་པོ་བསྐྲུན་རྒྱུའི་རེ་བ་བྱེད་ཀྱི་ཡོད།
ཕེང་ཏཱ་ལུའོ་ཧྥུའུ་སི་ཅི་ཡིས་བརྗོད་དོན། བྱང་མ་སི་དོ་ཉི་ཡས་ཀྲུང་གོ་དང་ཕྱི་འབྲེལ་བཙུགས་ནས་ལོ་30འཁོར་རིང་། ཕྱོགས་གཉིས་པོས་རང་རེའི་འཕེལ་རྒྱས་འཐབ་ཇུས་ཀྱི་གདམ་གར་ཕན་ཚུན་བརྩི་འཇོག་བྱས་པས་ཁྱབ་ཁོངས་ཁག་གི་མཉམ་ལས་ཉིན་རེ་བཞིན་ཟབ་ཏུ་འགྲོ་བཞིན་ཡོད། རྒྱལ་ཁབ་གཉིས་པོའི་ཁེ་ཕན་གཅིག་མཐུན་ཡིན་པས་མཉམ་ལས་ལ་གཏིང་ཤུགས་ཆེན་པོ་ལྡན། བྱང་མ་སི་དོ་ཉི་ཡས་ཀྲུང་གོ་ཕྱོགས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་ཐུན་མོང་གི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་འདོད་ཡོད།