མི་དམངས་དྲ་བའི་2023ལོའི་སློབ་ཆེན་གྱི་སློབ་སྤྱིའི་གླེང་སྟེགས་ཧྲེན་དབྱང་དུ་གཉེར་བ།
2023ལོའི་ཨེ་ཤེ་ཡ་ཤར་མའི་བྱང་ཤར་ས་ཁུལ(ཧྲེན་དབྱང)གྱི་ཤེས་ལྡན་པའི་སྤེལ་རེས་འདུ་ཚོགས་དུས་མཉམ་དུ་གཉེར་བ།
ཚེས་12ཉིན“མཐོ་རིམ་སློབ་གསོའི་སྣེ་འདྲེན་ནུས་པ་བཏོན་ནས། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་ཤེས་ལྡན་པའི་རྨང་གཞི་བརྟན་དུ་གཏོང”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་མི་དམངས་དྲ་བའི་2023ལོའི་སློབ་ཆེན་གྱི་སློབ་སྤྱིའི་གླེང་སྟེགས་ལེའོ་ཉིང་ཞིང་ཆེན་ཧྲེན་དབྱང་གྲོང་ཁྱེར་དུ་གཉེར་བ་རེད།
ལེའོ་ཉིང་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲེང་ཀྲང་ལི་གཡོད་ཁྲེང་དང་། མི་དམངས་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ཤུས་ལི་ཅིང་། ལེའོ་ཉིང་ཞིང་ཨུད་ཀྱི་རྒྱུན་ཨུ་དང་ཧྲེན་དབྱང་གྲོང་ཨུད་ཀྱི་ཧྲུའུ་ཅི་ཝང་ཤིན་ཝུའེ། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་དང་ཧར་པིན་བཟོ་ལས་སློབ་ཆེན་གྱི་སློབ་སྤྱི་ཧན་ཅེ་ཚའེ། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་དང་ཝུའུ་ཧན་འཁལ་འཐག་སློབ་ཆེན་གྱི་སློབ་སྤྱི་ཤུས་ཝུའེ་ལིན་བཅས་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་བསྒྲོན་པ་དང་། སློབ་གསོ་པུའི་ཏང་ཙུའུ་ཡི་ཁོངས་མི་དང་པུའུ་ཀྲང་གཞོན་པ་ཝང་ཀོང་ཡན་གྱིས་དྲ་ཐོག་བརྒྱུད་གླེང་སྟེགས་ནང་ཞུགས་པ་མ་ཟད། བརྙན་ལམ་བརྒྱུད་ཤིས་ཚིག་ཀྱང་བསྒྲོན་པ་རེད།
རྒྱལ་ཡོངས་ཀྱི་མཐོ་སློབ་བརྒྱ་ལྷག་ཙམ་གྱི་སྐུ་མགྲོན་ཚོས“ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བའི་རྩ་བའི་ལས་འགན་དོན་འཁྱོལ་བྱས་ནས། མི་རིགས་བསྐྱར་དར་གྱི་ལས་འགན་ལྕི་པོ་འཁུར་ཐུབ་པའི་དུས་རབས་ཀྱི་མི་གསར་སྐྱོང་བ”དང“ཐོན་སློབ་ཞིབ་སྤྱོད་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་བཏང་ནས། སློབ་གསོ་ཞབས་ཞུའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་བ”སོགས་ཀྱི་བརྗོད་གཞིར་གཞིགས་ནས་བགྲོ་གླེང་དང་སྤེལ་རེས་བྱས་པ་རེད།
གླེང་སྟེགས་ཐོག མི་དམངས་དྲ་བས་མཐོ་སློབ་ཀྱི་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་སྒྱུར་བཅོས་གསར་གཏོད་བྱས་ཚུལ་ལ་དམིགས་ནས། 《2023ལོའི་མཐོ་སློབ་ཀྱི་བསམ་བློ་ཆབ་སྲིད་སློབ་ཚན་སྒྱུར་བཅོས་གསར་གཏོད་བྱས་ཚུལ་གྱི་དབྱེ་ཞིབ་སྙན་ཞུ》བཀྲམ་སྟེ། “མི་དམངས་དྲ་བའི་2022ལོའི་མཐོ་སློབ་ཀྱི་སློབ་གྲྭའི་ཕུལ་བྱུང་གསར་འགྱུར་བརྩམས་ཆོས”དུས་མཉམ་དུ་ཡོངས་བསྒྲགས་བྱས་པ་རེད།
2023ལོའི་ཨེ་ཤེ་ཡ་ཤར་མའི་བྱང་ཤར་ས་ཁུལ(ཧྲེན་དབྱང)གྱི་ཤེས་ལྡན་པའི་སྤེལ་རེས་འདུ་འཚོགས་དུས་མཉམ་དུ་གཉེར་ཞིང་། འདུ་ཚོགས་ནང“གོ་ལ་ཧྲིལ་པོའི་ཤེས་ལྡན་པ་གཅིག་སྡུད་ཀྱིས། དར་རྒྱས་འབྱུང་འགྱུར་མཉམ་དུ་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱེད་པ་དང་། བརྗོད་དོན་གཙོ་བོའི་གླེང་སྟེགས་དང་། འགྲེམས་སྟོན་གྱི་ངོ་འཕྲད་གྲོས་མོལ། ཤེས་ལྡན་པ་གདན་ཞུ། ཡུལ་དངོས་སུ་རྣམ་གྲངས་དྲིལ་བསྒྲགས། ལྟ་སྐོར་བརྟག་ཞིབ་སོགས་གཞི་གཅིག་ཏུ་འདུས་པའི་ནང་དོན་ཁག་ལྔས། བྱང་ཤར་གྱི་ཞིང་ཆེན་གསུམ་དང་ཁུལ་གཅིག་ལ་ལས་ཞུགས་ལས་གནས་ཁྲི་15མཁོ་འདོན་བྱེད་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། མི་དམངས་དྲ་བའི་སློབ་ཆེན་གྱི་སློབ་སྤྱིའི་གླེང་སྟེགས་ད་བར་སྐབས་10གྲུབ་འབྲས་ཐོབ་པའི་ངང་གཉེར་བར་ཁྱོན་སློབ་ཆེན་གྱི་ཧྲུའུ་ཅི་དང་སློབ་སྤྱི་600ལྷག་ཙམ་ཞུགས་པ་དང་། མཐོ་སློབ་འཕེལ་རྒྱས་ཀྱི་གླེང་མང་བའི་གནད་དོན་ལ་དམིགས་ནས་ཉམས་མྱོང་སྤེལ་རེས་བྱས་ཏེ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད།