འཛམ་གླིང་ཐུན་མོང་ཐོག་དར་རྒྱས་དང་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་བ།
—— རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་ལག་ལེན་གལ་ཆེན་ལ་ཚད་མཐོའི་གདེང་འཇོག་བྱས་པ།
“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་བཏོན་ནས་ལོ་10སོང་བ་དེས་རྒྱལ་ཁབ་150ལྷག་ཙམ་གྱི་ཕུགས་འདུན་མངོན་འགྱུར་བྱེད་པའི་སྤྲོ་སེམས་འཕེལ་བ་དང་འཛམ་གླིང་ལ་མི་རྣམས་ཀྱིས་དོ་སྣང་བྱེད་པའི་འགྱུར་ལྡོག་ཟབ་མོ་བྱུང་ཡོད།
ཚེས་10ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས《“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་ལག་ལེན་གལ་ཆེན》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་བཀྲམ་ནས། གྲོས་འགོ་གལ་ཆེན་དེའི“གྲུབ་འབྲས་ཐོབ་པའི་གསང་རྟགས”གསལ་སྟོན་བྱས་པ་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱིས་འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་བར་མཐོངས་གསར་པ་བཏོད་ནས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་ཆེད་ལག་ལེན་གསར་པ་གཏོད་པ་དང་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་ཆེད་ལེགས་སྐྱེས་གསར་པ་ཕུལ་བའི་ངོས་འཛིན་བྱས་པ་རེད།
འཛམ་གླིང་ལ་འགྱུར་ལྡོག་གཏིང་ཟབ་གཏོང་བའི་གོ་ལ་ཧྲིལ་པོའི་སྤྱི་པའི་ཐོན་རྫས།
“‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་གྲོས་འགོའི་ངོ་བོ་དང་དམིགས་ཡུལ་ནི་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་ཐུན་མོང་ཐོག་དར་རྒྱས་མངོན་འགྱུར་ཡོང་བ་བྱ་རྒྱུ་དེ་རེད”ཧ་སག་སི་ཐན་གྱི་འཛམ་གླིང་དཔལ་འབྱོར་ཆབ་སྲིད་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཡེར་སུའུ་ཏན·རན་ཤེ་ཐུའོ་ཕུའུ་ཡིས“‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་གྱི་གྲོས་འགོ་དང་ཧ་སག་སི་ཐན་གྱི‘འོད་ཟེར་ལམ་བུའི’དཔལ་འབྱོར་སྲིད་ཇུས་གསར་པ་སྦྲེལ་མཐུད་ནུས་ལྡན་བྱས་པ་དང་འདྲ་བར་ལོ་10ཡི་རིང་མཉམ་སྐྲུན་རྒྱལ་ཁབ་མང་པོ་ཞིག་གིས་རང་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཆར་གཞི་དང‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་སྦྲེལ་མཐུད་བྱས་པ་ལས་རྒྱལ་ཁབ་འཕེལ་རྒྱས་དང་ས་ཁུལ་དར་རྒྱས་འགྲོ་བར་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད”ཅེས་བརྗོད་པ་རེད།
“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་སྐོར་གླེང་སྐབས་ཕོ་ལན་གྲོས་ཚོགས་ཀྱི་ཕོ་ལན་དང་ཀྲུང་གོའི་མཛའ་གྲོགས་ཚོགས་ཆུང་གི་ཀྲུའུ་ཞི་ཟུར་པ་པི་ཏེ·ཅ་ཆི་ནུའོ་ཕུའུ་སི་ཅི་ཡིས་དང་ཐོག་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་བསམ་བློ་འཁོར་ཡོད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་རྣམ་གྲངས་གཙོ་བོ་དང་མཚོན་རྟགས་རང་བཞིན་གྱི་སྤུས་རྟགས་དེ་ཡོ་རོབ་ཀྱི་རྒྱལ་ཁབ་25ཡི་གྲོང་ཁྱེར་200ལྷག་ཙམ་ལ་ཁྱབ་ཡོད། “ཀྲུང་ཡོའི་དུས་གཏན་མེ་འཁོར་གྱིས་ཡོ་རོབ་དང་ཀྲུང་གོའི་དབར་གྱི་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་ཚོང་དོན་འགྲོ་འོང་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་བཏོན་ཡོད” ཅ་ཆི་ནུའོ་ཕུའུ་སི་ཅི་ཡིས་ཀྲུང་ཡོའི་དུས་གཏན་མེ་འཁོར་གྱིས་རྒྱལ་སྤྱིའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་དུ་འགྲོ་རྒྱུར་ཕན་ཐོགས་ཡོད་པ་དང་། ཕོ་ལན་རྒྱལ་ཁབ་ཀྱི་འགྲིམ་འགྲུལ་སོགས་རྨང་གཞིའི་སྒྲིག་བཀོད་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཐེབས་པ་མ་ཟད། ལམ་རྒྱུད་རྒྱལ་ཁབ་གཞན་དག་ལའང་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད་ཅེས་བརྗོད་པ་རེད།
འཛམ་གླིང་ལ་གཏན་འཁེལ་རང་བཞིན་དང་བརྟན་པོའི་རང་བཞིན་སྔར་བས་མང་བ་བཏོད་པ།
རྒྱབ་ཤ་དཀར་པོའི་དེབ་ནང་ལོ་10ཡི་རིང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས། འཛམ་གླིང་གི་དཔལ་འབྱོར་འཕར་བའི་བར་མཐོངས་གསར་པ་བཏོད་པ་དང་། རྒྱལ་སྤྱིའི་ཚོང་དོན་དང་མ་འཇོག་གི་ལས་སྟེགས་གསར་པ་བཏོད་པ། འབྲེལ་ཡོད་རྒྱལ་ཁབ་ཀྱི་འཕེལ་རྒྱས་ནུས་པ་དང་དམངས་འཚོའི་བདེ་རྩ་ཆེ་རུ་བཏང་ཡོད་ཅེས་འཁོད་ཡོད།
2023ལོའི་ཟླ་6པའི་བར། ཨ་ཧྥེ་རི་ཁའི་རྒྱལ་ཁབ་52དང་དེ་བཞིན་ཨ་ཧྥེ་རི་ཁ་མནའ་འབྲེལ་ཨུ་ལྷན་གྱིས་ཀྲུང་གོ་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་པ་དང་ཨ་ཧྥེ་རི་ཁ་འདི་ཉིད“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྲོས་འགོའི་ནང་ཞུགས་པའི་གལ་འགངས་ཆེ་ཤོས་ཀྱི་སྐམ་ས་ཆེ་མོའི་གྲས་ཤིག་ཏུ་གྱུར་ཡོད། ཨའོ་ནུ་ནཱ་དབྱི་ཀྲུའུ་ཡིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྲོས་འགོ་དེ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་ཕྱི་རོལ་ཡུལ་གྱི་དགོས་མཁོ་དང་མཐུན་པ་དང་དངོས་ཡོད་གནད་དོན་ཐག་གཅོད་བྱེད་པར་ཕན་ཐོགས་ཡོད་པས་དགའ་བསུ་དང་དང་ལེན་རྒྱ་ཁྱབ་ཐོབ་ཡོད་ཅེས་བརྗོད་པ་རེད།
ཨུ་ཟ་བྷེ་ཁི་སི་ཐན་གྱི་ཆབ་སྲིད་དབྱེ་ཞིབ་མི་སྣ་ཁུར་པན་ནུའོ་ཕུའུ་ཡིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱིས་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་ཀྱི་རྩ་དོན་གཞིར་འཛིན་པས“འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་མཉམ་ལས་བྱེད་པར་ཡིད་དབང་འཕྲོག་ཤུགས་ཆེན་པོ་ལྡན་པ་དང་དེའི་རྐྱེན་པས་མཉམ་སྐྲུན་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཡང་ཐོབ་ཡོད”མིག་སྔའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཐད་འགྲན་སློང་དྲག་པོ་འཕྲད་པའི་རྒྱབ་ལྗོངས་འོག“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོས་གོ་ལ་ཧྲིལ་པོའི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུར་མ་དཔེ་མཁོ་འདོན་བྱས་པས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུར་དགེ་མཚན་ལྡན་པའི་ནུས་པ་ལྡན་ཡོད་པའི་ངོས་འཛིན་བྱས་པ་རེད།
ལག་གདང་སྦྲེལ་ནས་དེ་བས་ཡངས་ཤིང་རྒྱ་ཆེ་བའི་དར་རྒྱས་གོང་འཕེལ་གྱི་ལམ་བུ་གཏོད་པ།
ལོ་10ཡི་རིང་ཀྲུང་གོ་དང་ཨུ་རུ་སུ་སོགས་ཨེ་ཤེ་ཡ་དང་ཡོ་རོབ་ས་ཁུལ་གྱི་རྒྱལ་ཁབ་ཁག་གི་དངོས་སྒྲུབ་མཉམ་ལས་ཁྲོད་ཨུ་རུ་སུའི་ཝར་ཏའེ་རྒྱལ་སྤྱིའི་རྩོད་གླེང་འདུ་ཚོགས་ཁང་རྣམ་གྲངས་ཀྱི་གཙོ་གཉེར་བ་ཨའོ་ལེ་ཀེ·པཱ་ལ་པཱ་ནུའོ་ཕུའུ་ཡིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྲོས་འགོས་དཔལ་འབྱོར་ཚོང་དོན་འབྲེལ་བ་དང་མི་ཆོས་རིག་གནས་སྤེལ་རེས་དེ་བས་དམ་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་བཏང་བ་དང་ཡངས་ཤིང་རྒྱ་ཆེ་བའི་ཨེ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེ་མོ་དེ་བས་ནུས་ལྡན་ངང་འབྲེལ་མཐུད་ཐུབ་རྒྱུར་རོགས་རམ་བྱས་པ་དེས་ས་ཁུལ་ཧྲིལ་པོའི་འཕེལ་རྒྱས་ལ་རིན་ཐང་གལ་ཆེན་ལྡན་ཡོད་པ་ཤེས་རྟོགས་བྱུང་བ་རེད།
ལོ་10ཡི་རིང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྲོས་འགོ་དེ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་སླར་ཡང་ཐོན་འགོ་ཚུགས་ཤིང་། རྒྱལ་ཁབ་དེ་བས་མང་བས་གྲོས་འགོ་དེའི་ཁྲོད་ཞུགས་ནས་འཕེལ་རྒྱས་ཀྱི་གོ་སྐབས་གཏོད་ཐུབ་པའི་རེ་སྒུག་བྱེད་པ་དང་པར་ཙིར་ནི་དེའི་ཁྲོད་ཀྱི་གྲས་ཤིག་རེད། པར་ཙིར་གྱི་ཝ་ཅ་སི་ཐེབས་རྩ་ཚོགས་པའི་པར་ཀྲུང་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཨའེ་དབན་ཏེ་ལུའོ·ཁ་ཝ་ལུའེ་ཡིས་པར་ཙིར་སྲིད་གཞུང་དང་། གྲོས་ཚོགས། ས་གནས་བཅས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་པར་ཙིར་གྱི“བཟོ་ལས་ཅན་བསྐྱར་མའི”འཕེལ་རིམ་གྱི་འབྲེལ་མཐུད་བྱེད་སྟངས་དཔྱད་བསྡུར་ཧུར་ཐག་བྱེད་བཞིན་ཡོད་པ་དང་། དངུལ་རྩ་དང་། གྲངས་འཛིན་ཅན་གྱི་དཔལ་འབྱོར། མི་སྣ་སྤེལ་རེས། རིག་གནས་སྤེལ་རེས་སོགས་ཁྱབ་ཁོངས་མང་པོར་ལག་བསྟར་བྱས་ཏེ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་མོ་པར་ཀྲུང་གཉིས་དབར་གྱི་འགྲོ་འོང་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་བདེ་རྩ་ཆེ་རུ་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།