རྒྱལ་སྲིད་སྤྱི་ཁྱབ་ཁང་གིས།
《ཀུན་ཕན་དངུལ་རྩ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཀྲམ་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཀུན་ཕན་དངུལ་རྩ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》(གཤམ་ལ《ལག་བསྟར་བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་ནས། འབྱུང་འགྱུར་ལོ་ལྔའི་ནང་ཀུན་ཕན་དངུལ་རྩ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཛུབ་ཁྲིད་བསམ་བློ་དང་། གཞི་རྩའི་རྩ་དོན། དམིགས་ཚད་གཙོ་བོ་བཅས་ཁ་གསལ་བཏོན་པ་དང་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་ཡོད་པ་རེད།
《ལག་བསྟར་བསམ་འཆར》ནང་བསྟན་དོན། ཀུན་ཕན་དངུལ་རྩའི་གཙོ་གནད་ཁྱབ་ཁོངས་ཀྱི་ཐོན་རྫས་ཞབས་ཞུ་ལེགས་སུ་གཏོང་བར་ཕྲན་ཚེགས་གཉེར་སྐྱོང་བྱེད་པོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་དང་། གྲོང་གསེབ་དར་རྒྱས་ཀྱི་རྒྱལ་ཁབ་ཀྱི་འཐབ་ཇུས་ནུས་ལྡན་ངང་ལག་བསྟར་བྱ་རྒྱུར་རམ་འདེགས་བྱེད་པ། དམངས་འཚོའི་ཁྱབ་ཁོངས་ཀྱི་དངུལ་རྩའི་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་ཀུན་ཕན་དངུལ་རྩས་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ནུས་པ་འདོན་སྤེལ་བྱེད་དགོས། དངུལ་རྩའི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་བར་རིམ་པ་མང་བའི་ཀུན་ཕན་དངུལ་རྩའི་སྒྲིག་གཞིའི་རྩ་འཛུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། དངུལ་ཁང་སྒྲིག་གཞི་ཁག་ལ་ངེས་གནས་བརྟན་སྲུང་དང་འགྲན་རྩོད་ཡག་པོ་བྱ་རྒྱུར་ཁྲིད་སྟོན་བྱེད་པ། སྤུས་ཚད་མཐོ་བའི་ཀུན་ཕན་འགན་བཅོལ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། མ་རྩའི་ཁྲོམ་རའི་ཞབས་ཞུའི་ཀུན་ཕན་དངུལ་རྩའི་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱས་ནས་གྲངས་འཛིན་ཀུན་ཕན་དངུལ་རྩའི་འཕེལ་རྒྱས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས། གཙོ་གནད་ཁྱབ་ཁོངས་ཀྱི་དངུལ་རྩའི་ཉེན་ཁ་འགོག་ཟོན་དང་སེལ་རྒྱུར་ཤུགས་སྣོན་རྒྱག་པར་དངུལ་ཁང་འབྲིང་ཆུང་གི་སྒྱུར་བཅོས་ཀྱི་ཉེན་ཁ་སེལ་མགྱོགས་སུ་གཏོང་བ་དང་། དངུལ་ཁང་འབྲིང་ཆུང་གི་བཅོས་སྐྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཁྲིམས་འགལ་གྱི་དངུལ་རྩའི་བྱེད་སྒོར་རྡུང་རྡེག་མཐའ་གཅིག་ཏུ་གཏོང་བ་སོགས་ཀྱི་ལས་དོན་ལ་དམིགས་ཏེ་བརྒྱུད་རིམ་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་མི་ཐོན་པའི་མཐའ་ཚད་བརྟན་སྲུང་བྱེད་དགོས། སྤྱི་ཚོགས་སྤྱི་དམངས་ཀྱི་དངུལ་རྩའི་བྱང་ཚད་དང་དངུལ་རྩའི་ནུས་པ་ཆེ་རུ་གཏོང་བར་དངུལ་རྩའི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ཀུན་ཕན་དངུལ་རྩའི་ཁྲིམས་སྐྱོང་ཆུ་ཚད་མཐོ་རུ་གཏོང་བ། སྲིད་ཇུས་ཀྱི་ཁྲིད་སྟོན་དང་བཅོས་སྐྱོང་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། གཙོ་གནད་ཁྱབ་ཁོངས་ཀྱི་ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་དང་ཉེན་ཁ་མཉམ་འཁུར་དང་ཁ་གསབ་སོགས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ཀུན་ཕན་དངུལ་རྩ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁོར་ཡུག་བཟང་པོ་གཏོད་དགོས།