རང་བྱུང་ཐོན་ཁུངས་པུས་གྲོང་ཁྱེར་དང་གྲོང་རྡལ་གསར་སྤེལ་གྱི་མཐའ་མཚམས་དོ་དམ་ལ་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་རྒྱུ་ཡིན་པ།
ཉེ་ཆར། རང་བྱུང་ཐོན་ཁུངས་པུས《གྲོང་ཁྱེར་དང་གྲོང་རྡལ་གསར་སྤེལ་གྱི་མཐའ་མཚམས་དོ་དམ་ཡག་པོ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ(ཚོད་ལྟའི་ལག་བསྟར)》(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)བཀྲམ་ནས“ཁུལ་གསུམ་རྒྱུད་གསུམ”དབྱེ་འབྱེད་གྲུབ་འབྲས་ཀྱི་བསྒམ་ནན་རང་བཞིན་དང་དབང་གྲགས་རང་བཞིན་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ། གྲོང་ཁྱེར་དང་གྲོང་རྡལ་གསར་སྤེལ་གྱི་མཐའ་མཚམས་དབྱེ་འབྱེད་ཀྱི་གྲུབ་འབྲས་གནད་སྨིན་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་འཛུགས་སྐྲུན་གྱི་ས་སྤྱོད་འཆར་འགོད་སྤྱི་འདོམས་ཀྱིས་བཀོད་སྒྲིག་ཡག་པོ་བྱས་ནས། གྲོང་ཁྱེར་དང་གྲོང་རྡལ་གསར་སྤེལ་གྱི་མཐའ་མཚམས་ཀྱི་དུས་འཁོར་ཧྲིལ་པོའི་དོ་དམ་ནན་པོ་དང་ཚད་ལྡན་དུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།
《བརྡ་ཐོའི》ནང་ས་གནས་ཁག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་སྤྲད་པའི“ཁུལ་གསུམ་རྒྱུད་གསུམ”དབྱེ་འབྱེད་ཀྱི་གྲུབ་འབྲས་དེ་དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་དང་། ཐོན་ལས་འཕེལ་རྒྱས་འཆར་འགོད། གྲོང་ཁྱེར་དང་གྲོང་རྡལ་ཅན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བརྒལ་མི་རུང་བའི་དམར་ཐིག་ལ་བརྩི་དགོས། གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་ཁག་ལ་མཁོ་བའི་ས་ཆ(ནུས་རྒྱུའི་རྫས་འགྱུར་བཟོ་ལས་རྟེན་གཞི་སོགས་ཐོན་ལས་གླིང་དང་རྒྱ་མཚོ་སྐོར་གསུབ་ཀྱི་ལོ་རྒྱུས་ཀྱི་གནད་དོན་ཐོན་ཁུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་ནམ་ཡང་ན་ཐོན་ལས་རིགས་ཀྱི་རྣམ་གྲངས་སོགས་ཚུད་པ)ཚང་མ་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)གྱི་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་གྱི་ས་སྤྱོད་འཆར་འགོད་ཀྱི་གཞི་ཁྱོན་དང་གྲོང་ཁྱེར་དང་གྲོང་རྡལ་གསར་སྤེལ་གྱི་མཐའ་མཚམས་རྒྱ་ཆེར་གཏོང་རྒྱུའི་ལྡབ་གྲངས་ནང་བཅུག་ནས་སྤྱི་འདོམས་ཞིབ་རྩིས་བྱེད་དགོས་པའི་ནན་བཤད་བྱས་ཡོད།
《བརྡ་ཐོའི》ནང་གྲོང་ཁྱེར་དང་རྫོང་གི་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་ལག་བསྟར་བྱེད་རིང་། གྲོང་ཁྱེར་དང་གྲོང་རྡལ་གསར་སྤེལ་གྱི་མཐའ་མཚམས་ནང་གི་ས་ཆ་སྤྱོད་ཚད་མང་དུ་གཏོང་བའི་ཐད“ལོ་ལྔ་ཚན་བཅོ་ལྔ་པ”དང་། “ལོ་ལྔ་ཚན་བཅུ་དྲུག་པའི”རིང་ཉུང་མཐར་ཡང་35%དང་25%ཡི་ས་ཆ་འཇོག་དགོས། ལོ་འཁོར་གྱི་ས་སྤྱོད་གཞི་ཁྱོན་ཐད་ཉུང་མཐར་ཡང་ལོ་རེར་ལོ་ལྔའི་ཆ་སྙོམས་གཞི་ཁྱོན་གྱི་80%སོར་འཇོག་བྱ་རྒྱུ་དང་དེ་བྱིངས་ལོ་འཁོར་གྱི་སྙོམས་སྒྲིག་ཐད་སྤྱོད་ཆོག་མོད། འོན་ཀྱང་དུས་མཚམས་དབྱེ་བའི་སྤྱི་འབོར་ཚོད་འཛིན་ལས་བརྒལ་མི་ཆོག་ཅེས་བཏོན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། རང་བྱུང་ཐོན་ཁུངས་པུས་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་ཀྱི“པར་རིས་གཅིག”ལ་བརྟེན་ནས་ལྟ་སྐུལ་ཆ་འཕྲིན་མ་ལག་ལག་བསྟར་བྱས་ཏེ་གྲོང་ཁྱེར་དང་གྲོང་རྡལ་གསར་སྤེལ་གྱི་མཐའ་མཚམས་ཀྱི་ལག་བསྟར་དང་། ལྟ་སྐུལ། ཚོད་སྐོར། དཔྱད་ཞིབ། ཁྲིམས་སྒྱུར་སོགས་དུས་འཁོར་ཧྲིལ་པོའི་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་རེད། རྒྱལ་ཁབ་རང་བྱུང་ཐོན་ཁུངས་ལྟ་ཞིབ་སྒྲིག་གཞིས་ས་གནས་སྲིད་གཞུང་གིས་གྲོང་ཁྱེར་དང་གྲོང་རྡལ་གསར་སྤེལ་གྱི་མཐའ་མཚམས་དོ་དམ་ཚོད་འཛིན་བླང་བྱ་དོན་འཁྱོལ་བྱས་ཚུལ་ལྟ་ཞིབ་ཀྱི་ནང་དོན་གལ་ཆེན་དུ་བརྩི་རྒྱུ་ཡིན་པ་རེད།