རྒྱལ་ཁབ་མང་པོའི་མི་སྣས་ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བར་གྲོས་བསྡུར་འཁྲུག་པོ་བྱས་པ།
དུས་ཡུན་ཉིན་16རིང་འགྲན་བསྡུར་བྱས་པ་བརྒྱུད་ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ་རེད། སྐབས་འདིའི“ཀྲུང་གོའི་ཁྱད་ཆོས་དང་། ཨེ་ཤེ་ཡའི་ཉམས་འགྱུར། ངོ་མཚར་ཆེ་བ”བཅས་ཀྱི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཐོག་མངོན་པའི་ཀྲུང་གོའི་འཕེལ་རྒྱས་ཀྱིས་འགྲན་རའི་ཕྱི་ནང་གི་མི་རྣམས་ལ་བག་ཆགས་ཟབ་མོ་ཞིག་བཞག་ཡོད་པ་ནི་ཨེ་ཤེ་ཡའི་མི་དམངས་ཀྱིས་ཨེ་ཤེ་ཡའི་ལས་དབང་གཅིག་མཐུན་འདུས་གྲུབ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་བར་སླར་ཡང་གསོན་ཤུགས་གསར་པ་བསྣན་ནས“ཨེ་ཤེ་ཡ་ཁྱིམ་ཚང་གཅིག་ཕན་ཚུན་ལག་གདང་སྦྲེལ་ནས་མཉམ་དུ་སྐྱོད་པའི”འདུན་པ་དྲག་པོ་ནམ་ཡང་འགྱུར་བ་མེད་པ་དེ་རེད།
ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མྱོང་རོལ་བྱས་པ།
“ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཧྲིལ་པོའི་རིང་། ང་དང་ལས་གྲོགས་ཚོས་སྟབས་བདེའི་རིག་ནུས་ལག་རྩལ་ལོངས་སྤྱོད་བྱས་པ་ཡིན། ཧང་ཀྲོའུ་ཡི་གྲངས་འཛིན་གཏོང་སྤྲོད་དང་། འགྲན་ར། ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་གྲོང་ཚོ་བཅས་ཀྱི་རིག་ལྡན་སྒྲིག་ཆས་ལས་ང་ཚོས་ནུས་ཕྱོད་ཆེ་བ་དང་སྟབས་བདེ་གང་ལེགས་ཚོར་བྱུང”ཞེས་རི་པིན་གྱི་ལུས་རྩལ་གསར་འགོད་པ་ཕུའུ་ཀྲེང་ཧུང་གིས་བརྗོད།
ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་གཉེར་བའི་འདུ་ཤེས་དང་དེ་བཞིན་དེའི་ལག་ལེན་ལས་བལྟས་ན། ཕ་ཁི་སི་ཐན་གྱི་ཡོ་རོབ་དང་ཨེ་ཤེ་ཡའི་དུས་རབས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་དབྱིར་ཧྥན·ཧྲ་ཧོ་ཀྲ་ཏེ·ཐཱ་གར་ཝེ་ཡིས་ལྗང་མདོག་འཕེལ་རྒྱས་དང་ལྗང་མདོག་ཚན་རྩལ་ཁྱབ་ཁོངས་སུ་ཀྲུང་གོ་རྒྱུན་མཐུད་འཕེལ་རྒྱས་འགྲོ་བཞིན་པ་ཚོར་བྱུང་བ་སྟེ“ལྗང་མདོག་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་འདུ་ཤེས་ལས་ཀྲུང་གོའི་འཕེལ་རྒྱས་ཡར་ཐོན་ལ་སྐུལ་འདེད་ཐེབས་བཞིན་འདུག་ལ་འདི་ལས་རྒྱལ་ཁབ་གཞན་དག་ལ་ཡང་རོགས་རམ་ཐོབ་ནས་མཉམ་དུ་ཡར་ཐོན་ཡོང་ཆོག སྐབས་འདིའི་ངོ་མཚར་ཆེ་བའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་བརྒྱུད་འདུ་ཤེས་འདི་དག་འགྲན་ཞུགས་མི་སྣར་གྲུབ་འབྲས་ཐོབ་པའི་ངང་བརྒྱུད་སྤྲོད་བྱས་པ་མ་ཟད་ད་དུང་མུ་མཐུད་འཛམ་གླིང་ཡོངས་ལ་ཡང་བརྒྱུད་སྤྲོད་བྱ་རྒྱུ་རེད”
“ཀྲུང་གོའི་མཛའ་བརྩེ”ཨེ་ཤེ་ཡར་ཁྱབ་པ།
“ཀྲུང་གོའི་ལྟད་མོ་བ་ཚོས་རྒྱལ་ཁབ་གཞན་དག་གི་ལུས་རྩལ་པ་དང་ལྷག་པར་དུ་ཧིན་རྡུ་ཉི་ཞི་ཡའི་ལུས་རྩལ་པར་ཐལ་མོ་བརྡབས་ནས་དགའ་འབོད་བྱེད་སྐབས། ང་ལ་སེམས་འགུལ་ཟབ་མོ་ཐེབས་བྱུང” ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ནི་ང་ཞུགས་མྱོང་བའི་རྒྱལ་སྤྱིའི་རང་བཞིན་གྱི་འགྲན་དོན་ཁྲོད་ཀྱི་ཡག་ཤོས་དེ་རེད་ལ། ཀྲུང་གོ་མི་དམངས་ཀྱིས་སྤྲོ་སེམས་འཁོལ་པོས་མགྲོན་བསུ་བྱས་པ་བརྗེད་མི་སྲིད། “ཀྲུང་གོའི་ལྟད་མོ་བ་ཚོས་ང་ཚོར་ཐལ་མོ་བརྡབས་ནས་དགའ་འབོད་ཆེན་པོ་བྱས་བྱུང”ཞེས་ཧིན་རྡུ་ཉི་ཞི་ཡའི་ཨན་ཐཱ་ལཱ་གསར་འགྱུར་ཁང་གི་གསར་འགོད་པ་ཨཱ་ཏེ་ཏི་ཡཱ་ཡིས་བརྗོད།
“མི་སུ་དང་འཕྲད་ཀྱང་སྤྲོ་སེམས་འཁོལ་པོས་འཚམས་ཞུ་བྱས་ནས་ཟོལ་མེད་ཀྱི་འཛུམ་མདངས་སྟོན་གྱི་འདུག”འདི་ནི་ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱིས་རི་པིན་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་ཝེ་ཤན་ཀུང་ལ་བཞག་པའི་བག་ཆགས་རེད། སྐབས་རྗེས་མའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་རི་པིན་གྱི་མིང་ཀུ་ཝུའུ་རུ་གཉེར་རྒྱུ་ཡིན་པས་ཝེ་ཤན་ཀུང་གིས“ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་དང་བླངས་པ་དང་ལས་དོན་མི་སྣའི་སྤྲོ་སེམས་འཁོལ་བའི་ཞབས་ཞུར་མིང་ཀུ་ཝུའུ་ཡིས་དཔེ་ལྟ་བ་དང་སློབ་སྦྱོང་བྱེད་རིན་འདུག”ཅེས་བརྗོད།
འབྲེལ་ལམ་སྨྱན་སྦྱོར་ཀྱི་ལས་སྟེགས་ཐོག ཕ་ཁི་སི་ཐན་གྱི་ལུས་རྩལ་པ་དང་ལུས་རྩལ་དཔོན་རིགས་ཀྱིས། ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ནི་ང་ཚོ་ཞུགས་མྱོང་བའི་ལུས་རྩལ་འགྲན་ཚོགས་ཁྲོད་ཀྱི་ཆེས་བརྗེད་པར་དཀའ་བ་ཞིག་རེད་ཅེས་དགའ་ཚོར་ཆེན་པོས་བཤད། ཐཱ་གར་ཝེ་ཡིས། ཕ་ཁི་སི་ཐན་གྱི་ལུས་རྩལ་པ་དང་དཔོན་རིགས་ལ་མཚོན་ན། ཁོང་ཚོར་ཀྲུང་གོ་ནས་སྤྲོ་སེམས་འཁོལ་བ་དང་ཟོལ་མེད་ཀྱི་དགའ་བསུ་དང་རྒྱབ་སྐྱོར་ཐོབ་པ་ནི་བློ་ལ་འཛིན་དགོས་པ་ཞིག་རེད་ཅེས་བརྗོད།
འབར་མ་སྦ་སྤོལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཡེ་ཝུན་ཐུའུ་ཏིང་གིས། ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་སྒོ་དབྱེ་བསྟུན་མཁས་དང་ཧང་ཀྲོའུ་གྲོང་མིའི་སྤྲོ་སེམས་ལས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད་ཅེས་བརྗོད།
ཕན་ཚུན་ལག་གདང་སྦྲེལ་ནས་དེ་བས་མཛེས་སྡུག་ལྡན་པའི་ཨེ་ཤེ་ཡའི་འབྱུང་འགྱུར་གཏོད་པ།
ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ནི“གཅིག་སེམས་གཅིག་ལ་འདྲེས་པའི”མཛའ་གྲོགས་ལས་སྟེགས་ཤིག་ཡིན་པས“ཨེ་ཤེ་ཡ་ཁྱིམ་ཚང་གཅིག་ཕན་ཚུན་ལག་གདང་སྦྲེལ་ནས་མཉམ་དུ་སྐྱོད་པའི”འདུན་པ་མངོན་ཡོད་ལ། ཕན་ཚུན་ལག་གདང་སྦྲེལ་ནས་ཨེ་ཤེ་ཡའི་ལས་དབང་གཅིག་མཐུན་འདུས་གྲུབ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་ཟོལ་མེད་ཀྱི་བསམ་འདུན་ཡང་བརྒྱུད་སྤྲོད་བྱས་ཡོད། ཧང་ཀྲོའུ་ནས་ཁ་གྱེས་རྗེས་མི་རྣམས་ཀྱིས་དེ་བས་མཛེས་སྡུག་ལྡན་པའི་ཨེ་ཤེ་ཡའི་འབྱུང་འགྱུར་མཉམ་དུ་གཏོད་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད།
ཧན་གོའི་ཧྲོའར་སྨྱན་སྦྱོར་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཆོན་ཆི་ཀྲི་ཡིས། ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ལས་ཨེ་ཤེ་ཡའི་མཐུན་སྒྲིལ་མཉམ་ལས་དང་བསྟུན་མཁས་རོགས་རེས་ཀྱི་སྙིང་སྟོབས་མངོན་ཡོད། འགན་འཁྲི་འཁུར་ཕོད་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཀྲུང་གོས་སྐབས་འདིའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཕུན་སུམ་ཚོགས་པོའི་ངང་གཉེར་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་མཉམ་དུ་གཏོད་པར་གསོན་ཤུགས་གསར་པ་བསྣན་ཡོད་ཅེས་བརྗོད།
ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་གྱི་བློ་འདྲི་བ་པའོ་སུའོ་ཡིས། སྐབས་འདིའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཕུན་སུམ་ཚོགས་པོའི་ངང་གཉེར་བ་ལས་ཨེ་ཤེ་ཡའི་ཨོ་ལིམ་ཕིག་ལུས་རྩལ་བྱ་གཞག་གི་འཕེལ་རྒྱས་དང་ས་ཁོངས་མཉམ་ལས་ལ་སྐུལ་འདེད་ནུས་ལྡན་ཐེབས་ནས་ཨེ་ཤེ་ཡའི་མི་དམངས་མཐུན་སྒྲིལ་ཆེ་རུ་འགྲོ་རྒྱུ་དང་ཆབས་ཅིག འཛམ་གླིང་བརྟན་ལྷིང་དང་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་རྒྱུ་རེད་ཅེས་བརྗོད།