ཁེན་ནི་ཡར་བཅའ་སྡོད་རྒྱལ་ཁབ་མང་པོའི་གཞུང་ཚབ་པས།
མོང་ནེ་ལྕགས་ལམ་ནི་རྒྱལ་ཁབ་དང་མི་དམངས་ལ་ཕན་པའི་དར་རྒྱས་ཀྱི་འགྲོ་ལམ་ཞིག་རེད་ཅེས་མྱོང་ཚོར་ཆེན་པོས་གླེང་བ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ནེ་རོ་པི་ནས་གློག་འཕྲིན་འབྱོར་གསལ། ཁེན་ནི་ཡར་མིག་སྔར་སྤྱིའི་རིང་ཚད་སྤྱི་ལེ་600ཙམ་ཡོད་པའི་ཚད་ལྡན་ལྕགས་ལམ་དེ་ནི་རྒྱལ་ཁབ་དེ་རང་བཙན་བྱུང་ཚུན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་ཆེ་ཤོས་ཤིག་ཡིན་ལ། ཁེན་ནི་ཡའི་2030ལོའི་རྒྱལ་ཁབ་འཕེལ་རྒྱས་ཀྱི་བསམ་འདུན་མངོན་དུ་འགྱུར་བྱེད་ཀྱི་ལས་གྲྭ་གཙོ་བོ་ཞིག་ཀྱང་རེད། ལྕགས་ལམ་དེ་ཀྲུང་གོ་ལམ་ཟམ་ལས་གྲྭ་ཚད་ཡོད་འགན་འཁྲི་ཀུང་སིས་སྐྲུན་འགན་ཁུར་བ་དང་འབྲེལ་དེའི་ཡན་ལག་ཀུང་སི་ཨ་ཧྥེ་རི་ཁ་ཀྲེ་ཤིན་ལྕགས་ལམ་གཉེར་སྐྱོང་ཚད་ཡོད་འགན་འཁྲི་ཀུང་སིས་གཉེར་སྐྱོང་དང་སྲུང་སྐྱོང་བྱེད་འགན་ཁུར་བ་ཞིག་ཀྱང་རེད། མིག་སྔར་ཁེན་ནི་ཡའི་ཚད་ལྡན་ལྕགས་ལམ་དེ་སྤྱི་ལེ་480ཙམ་ཡོད་པའི་མོང་པ་ས་ནས་ནེ་རོ་པིའི་བར་གྱི་དུམ་བུ་(མོང་ནེ་ལྕགས་ལམ)དང་སྤྱི་ལེ་120ཙམ་ཡོད་པའི་ནེ་རོ་པི་ནས་སུའུ་སུའུ་ཝའི་བར་གྱི་དུམ་བུ་(ནེ་རོ་པི་ནས་མ་ལ་པ་བར་གྱི་ཚད་ལྡན་ལྕགས་ལམ་དུས་ཐེངས་དང་པོ)གཉིས་སུ་དབྱེ་ཡོད་པ་རེད།
ཁེན་ནི་ཡའི་ལྕགས་ལམ་ཅུས་རྨང་གཞིའི་འཛུགས་སྐྲུན་སྒྲིག་བཀོད་གསར་སྤེལ་པུའི་ཅིང་ལི་གཞོན་པ་ཐུའོ་པི་ཡ་སིས། ཁེན་ནི་ཡ་དང་ཀྲུང་གོས“རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་རྒྱུའི་མཉམ་ལས་ཀྱི་གཙོ་གནད་རྣམ་གྲངས་ཡིན་པའི་མོང་ནེ་ལྕགས་ལམ་ནི་ཨ་ཧྥེ་རི་ཁ་ཤར་མའི་ལྕགས་ལམ་དྲ་བའི་བྱང་རྒྱུད་བར་ཁྱམས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ཨ་ཧྥེ་རི་ཁ་ཤར་མའི་རྨང་གཞིའི་སྒྲིག་བཀོད་མཉམ་སྦྲེལ་མཉམ་མཐུད་བྱ་རྒྱུར་སྐུལ་འདེད་བཏང་ནས་ཨ་ཧྥེ་རི་ཁ་ཤར་མའི་རྒྱལ་ཁབ་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་རྒྱུར་སྐུལ་ཁྲིད་བྱ་རྒྱུ་རེད། མོང་ནེ་ལྕགས་ལམ་ནི་དཔལ་འབྱོར་གྱི་འཕར་རྩ་ཆེན་པོ་ཞིག་དང་འདྲ་བར་ཁེན་ནི་ཡའི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་རྒྱུན་ཆད་མེད་པར་བསྣན་ནས་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མཉམ་ལས་གཉིས་ཕན་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད་ཅེས་བརྗོད་པ་རེད།
འབྲེལ་ཡོད་ཀྱི་བསྡོམས་རྩིས་ལྟར་ན། ཟླ་9ཚེས་30ཉིན་བར་མོང་ནེ་ལྕགས་ལམ་བདེ་འཇགས་ངང་གཉེར་སྐྱོང་བྱས་ནས་ཉིན་2314སོང་བ་དང་། ཤར་གཏོང་བྱུང་བ་ནས་བཟུང་རིམ་རྩིས་བྱས་ན་ཚད་ལྡན་དོས་སྒམ་ཁྲི་240.5སྐྱེལ་འདྲེན་བྱས་ནས་དངོས་ཟོག་ཏུན་ཁྲི་2860.9དབོར་ཡོད་ཅིང་། རིམ་རྩིས་བྱས་ན་འགྲུལ་པ་མི་ཐེངས་ཁྲི་1115.5སྐྱེལ་འདྲེན་བྱས་པ་དང་ཆ་སྙོམས་འགྲུལ་པ་དབོར་ཚད་95.8%ཟིན་ཁར་ཉིན་རྐྱང་པའི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མང་ཤོས་མི་ཐེངས་ཁྲི་གཅིག་ལས་བརྒལ་ཡོད་པ་རེད།
མོང་ནེ་ལྕགས་ལམ་གྱི་ནེ་རོ་པི་མེ་འཁོར་འབབ་ཚུགས་སུ་ཁེན་ནི་ཡར་བཅའ་སྡོད་དབྱི་རན་གྱི་གཞུང་ཚབ་ཆེ་མོ་བ་ཅ་ཧྥར·པར་མ་ཅིས། གཞུང་ལམ་དང་ལྕགས་ལམ་སོགས་སྤྱི་པའི་འགྲིམ་འགྲུལ་དྲ་རྒྱ་བསྐྲུན་རྒྱུ་ནི་རྒྱལ་ཁབ་དང་མི་དམངས་ལ་ཕན་པའི་བྱ་སྤྱོད་ཅིག་ཡིན་པས་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་མཐོ་རུ་ཤུགས་ཆེན་ཕྱིན་ཡོད་ཅེས་བཤད་ཅིང་། ཁོང་གིས“མེ་འཁོར་ལ་བསྡད་ནས་ཕྱིར་བསྐྱོད་ན་དེ་བས་གྲོན་ཆུང་ཐུབ་པ་དང་དེ་བས་བདེ་འཇགས་དང་སྟབས་བདེའང་ཡོད། དེས་མ་ཟད་ལམ་རྒྱུད་ཀྱི་མཛེས་ལྗོངས་མྱོང་རོལ་ཡང་བྱེད་ཐུབ། མོང་ནེ་ལྕགས་ལམ་གྱིས་ས་གནས་འདི་གའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་ཐུབ་ངེས་རེད”ཅེས་བརྗོད་ཡོད།
མོང་ནེ་ལྕགས་ལམ་ནི་ཀྲུང་གོའི་ཚད་གཞི་དང་། ཀྲུང་གོའི་ལག་རྩལ། ཀྲུང་གོའི་སྒྲིག་ཆས་བཅས་སྤྱད་ནས་བསྐྲུན་པའི་དེང་རབས་ཅན་གྱི་ལྕགས་ལམ་ཞིག་ཡིན་པ་དང་། ཁེན་ནི་ཡར་ཐད་ཀར་དང་གཞན་བརྒྱུད་ངང་ལས་གནས་ཁྲི་7.4ལྷག་ཙམ་བཏོད་ཅིང་། བྱང་ཚད་མཐོ་བའི་ལྕགས་ལམ་གྱི་ཆེད་ལས་ལག་རྩལ་པ་དང་དོ་དམ་ཤེས་ལྡན་མི་སྣ་2800ལྷག་ཙམ་གསོ་སྐྱོང་བྱས་ཡོད། ཁེན་ནི་ཡའི་ལྕགས་ལམ་ཅུས་ཀྱིས་ཚོད་རྩིས་བྱས་པར་གཞིགས་ན། རྣམ་གྲངས་དེས་ཁེན་ནི་ཡའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལ་ལེགས་སྐྱེས་འབུལ་ཚད་2%ལས་བརྒལ་ཡོད་པ་རེད།