དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “ལོ་ལྔ་ཚན་བཅུ་གསུམ་པའི”རིང་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར་20ལྷག་ཙམ་བཏང་ནས་བོད་ཀྱི་རིག་དངོས་བྱ་གཞག་འཕེལ་རྒྱས་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-10-12

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་10ཚེས་10ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཚེས་9ཉིན་འཚོགས་པའི་བོད་རང་སྐྱོང་ལྗོངས་རིག་དངོས་ལས་དོན་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་རྒྱལ་ཁབ་ཀྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་21.68བཏང་སྟེ་གཙོ་བོ་བོད་ཀྱི་རིག་དངོས་སྲུང་སྐྱོབ་དང་། རིག་དངོས་བདེ་འཇགས། གནའ་རྫས་རྟོག་ཞིབ་དང་ལོ་རྒྱུས་ཞིབ་འཇུག གསར་བརྗེའི་རིག་དངོས་སྲུང་སྐྱོབ་བེད་སྤྱོད། རྟེན་མཛོད་ཁང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས། ཚན་རྩལ་ནུས་པ་མཐོར་གཏོང་སོགས་ཀྱི་ཐད་ནས་བོད་ཀྱི་རིག་དངོས་བྱ་གཞག་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཡོད།

    ཏང་གི་འཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ཀྱིས་སྤོ་མི་རུང་བའི་རིག་དངོས་ས་ཚིགས་ཁྱོན་4468དང་། རིམ་པ་ཁག་གི་རིག་དངོས་སྲུང་སྐྱོབ་ཚན་པ་2373 སྤོ་རུང་བའི་རིག་དངོས་ཁྲི་51བཅས་བརྟག་དཔྱད་ཐོ་འགོད་བྱས་ནས་རིག་དངོས་ཐོན་ཁུངས་ཀྱི་གནས་ཚུལ་རིམ་བཞིན་གསལ་པོ་བཟོས་པ་དང་། གནའ་རྫས་རྟོག་ཞིབ་སྔོག་འདོན་རྣམ་གྲངས་ཁག་195བརྒྱུད་རིམ་ལྡན་པའི་ངང་ལག་བསྟར་བྱས་ནས་མི་རིགས་ཀྱི་ལོ་རྒྱུས་ཤེས་ཚོར་དེ་བས་ཟབ་ཏུ་གཏོང་བར་དཔྱད་གཞི་མཁོ་འདོན་བྱས་པ། 《བོད་རང་སྐྱོང་ལྗོངས་ཀྱི་ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་དོ་དམ་སྲོལ་ཡིག》དང《བོད་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲུང་སྐྱོབ་ཚན་པའི་མེ་ཟོན་བདེ་འཇགས་དོ་དམ་བྱ་ཐབས》སོགས་ཀྱི་ས་གནས་རང་བཞིན་གྱི་རིག་དངོས་སྲུང་སྐྱོབ་ཁྲིམས་སྲོལ་བཀྲམ་པ་དང་། ཕོ་བྲང་པོ་ཏ་ལ་དང་། ནོར་བུ་གླིང་ཁ། གཙུག་ལག་ཁང་སོགས་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་ཁག་གཅིག་གི་སྲུང་སྐྱོབ་འཆར་འགོད་བཟོས་པས་རིག་དངོས་སྲུང་སྐྱོབ་མ་ལག་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་ཡོད།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་། བོད་ཀྱིས་རིག་དངོས་ཁ་གཏད་བོད་སྐྱོར་རྣམ་གྲངས་35ལེགས་སྒྲུབ་བྱས་པ་དང་བོད་སྐྱོར་མ་དངུལ་སྒོར་ཁྲི་2554དོན་འཁྱོལ་བྱས་ནས། བོད་ཀྱི་རིག་དངོས་བྱ་གཞག་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

    དེ་ཉིན། རྒྱལ་ཁབ་རིག་དངོས་ཅུས་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས《བོད་ཀྱི་རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་སྐོར་གྱི་གྲོས་མཐུན》བཞག་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། གྲོས་མཐུན་དེས་རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་ཀྱི་སྒྱུར་བཅོས་གསར་གཏོད་དང་། རིག་དངོས་ཀྱི་བདེ་འཇགས་འགོག་ཟོན། རིག་དངོས་ཐོན་ཁུངས་སྲུང་སྐྱོབ་དོ་དམ། རིག་དངོས་གནའ་ཤུལ་བརྒྱུད་རིམ་ལྡན་པའི་ངང་སྲུང་སྐྱོབ། གནའ་རྫས་རྟོག་ཞིབ་ཞིབ་འཇུག རིག་དངོས་ཚན་རྩལ་གསར་གཏོད། རིག་རྫས་ཤེས་ལྡན་མི་སྣ་གསོ་སྐྱོང་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་ནས་བོད་ཀྱི་རིག་དངོས་སྲུང་སྐྱོབ་བེད་སྤྱོད་སྒྱུར་བཅོས་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་། རིག་དངོས་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།