དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • འཛམ་གླིང་ལ་བོད་ལྗོངས་ཇི་མ་ཇི་བཞིན་ངོ་སྤྲོད་བྱས་པ།

    ཕྱི་རྒྱལ་གྱི་སྨྱན་སྦྱོར་མི་སྣ་བོད་ལྗོངས་སུ་བཅར་འདྲིར་བསྐྱོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-10-12

    ཟླ་10ཚེས་3ནས་8ཉིན་བར། ཀྲུང་གོ་རྒྱལ་སྤྱིའི་གསར་འགྱུར་སྤེལ་རེས་ལྟེ་གནས་ཀྱིས་རྒྱལ་ཁབ་22ཀྱི་སྨྱན་སྦྱོར་མི་སྣ་30ཙམ་སྒྲིག་འཛུགས་བྱས་ནས་བོད་ལྗོངས་ཀྱི་ཉིང་ཁྲི་དང་ལྷ་ས་གཉིས་སུ་ལྟ་སྐོར་དང་བཅར་འདྲི་བྱེད་པར་བསྐྱོད་དེ། ས་གནས་དེ་གའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། མི་རིགས་ས་ཁོངས་རང་སྐྱོང་། ཆོས་དད་རང་མོས། དམངས་འཚོ་འགན་ལེན་སོགས་ཀྱི་གནས་ཚུལ་ཤེས་རྟོགས་གཏིང་ཟབ་བྱས་པ་རེད།

    སྨྱན་སྦྱོར་མི་སྣ་དེ་དག་ཕ་ཁི་སི་ཐན་དང་། ནེ་པ་ལ། བྷེ་ཨུ་རུ་སུ། ཨེ་ཙེ་ཨོ་ཕི་ཡ། ཆི་ལི་སོགས་རྒྱལ་ཁབ་ཀྱི་གསར་འགྱུར་ཁང་དང་། བརྙན་འཕྲིན་ལས་ཁུངས། ཚགས་པར་ལས་ཁུངས། གསར་འགྱུར་དྲ་ཚིགས་སོགས་ནས་ཡོང་བ་རེད། བོད་ལྗོངས་སུ་སྡོད་རིང་ཁོང་ཚོས་བཅར་འདྲི་བྱས་ནས་གནས་ཚུལ་སྤེལ་ཏེ་འཛམ་གླིང་ལ་བོད་ལྗོངས་ཇི་མ་ཇི་བཞིན་ངོ་སྤྲོད་བྱས་པ་རེད།

    ཉིང་ཁྲིའི་སྨན་གླིང་གྲོང་ཁྱེར་ཤེལ་དཀར་མོན་པ་གྲོང་ཚོར་འཇོར་ཇི་ཡའི“མུའུ་ཐ་ཝ་ལི”སྨྱན་སྦྱོར་ལྟེ་གནས་འཛུགས་མཁན་དང་སྤྱི་ཁྱབ་ཅིང་ལི་གཅིག་ལྕོགས་ཡིན་པའི་ཁའེ་སེ་ལིན·ཀུའུ་ལུའུ་ཨ་ཡིས་དྲ་ཚིགས་ཐོག་བརྙན་ལམ་དེ་འདྲ་ཞིག་བཏང་ནས་ས་གནས་དེ་གའི་གྲོང་མིའི་ཁྱིམ་ཚང་ཞིག་གི་བདེ་སྐྱིད་ལྡན་པའི་འཚོ་བ་བསྟན་པ་རེད།

    ཤེལ་དཀར་མོན་པ་གྲོང་ཚོ་ནི་གནས་སྤོས་གྲོང་ཚོ་ཞིག་རེད། འཚོ་གནས་ཀྱི་ཁོར་ཡུག་ཞན་པའི་དབང་གིས་2003ལོའི་ཟླ་6པར་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་དགའ་ལྡན་ཤང་གི་དུད་ཚང་40ཡི་མི་140ལྷག་ཙམ་དེ་གར་གནས་སྤོས་པ་རེད། ད་ཆ་དེ་གར་དུད་ཚང་83དང་མི་300ལྷག་ཙམ་འཚོ་སྡོད་བྱེད་པ་དང་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལོ་20ཡི་གོང་ལས་ལྡབ་70ལྷག་ཙམ་འཕར་ཡོད།

    རྒྱལ་ཁབ་ཁག་གི་སྨྱན་སྦྱོར་མི་སྣས་དུས་ཚོད་དམ་འཛིན་བྱས་ཏེ་གྲོང་མི་ཚོ་དང་སྤེལ་རེས་བྱས་ཤིང་། “ཁྱེད་ཚོའི་ཁྱིམ་དུ་ཕྲུ་གུ་ག་ཚོད་ཡོད་དམ། སློབ་གྲྭར་ཇི་ལྟར་འགྲོ་གི་ཡོད་དམ” “གནས་སྤོས་མ་བྱས་གོང་གི་ཕྱུགས་རིགས་དང་རྒྱུ་ནོར་ཐག་གཅོད་ཇི་ལྟར་བྱས་པ་ཡིན་ནམ” “ཁྱེད་ཚོ་ད་ལྟ་ལས་ཀ་གང་ཞིག་བྱེད་ཀྱི་ཡོད་དམ”ཞེས་པ་ལ་སོགས་ཁོང་ཚོས་འདྲི་བ་སྣ་ཚོགས་བཏོན་པར་གྲོང་མི་ཚོས་ལན་རེ་རེ་བཞིན་བཏབ་པ་རེད།

    “ངས་ཉིན་ལྟར་རང་རྒྱལ་ཁབ་ཀྱི་སྐད་ཡིག་ཐོག་ནས་བརྙན་ཐུང་3ནས་4བར་གཏོང་སྤེལ་བྱེད་ཀྱི་ཡོད། འཇོར་ཇི་ཡའི་མི་དམངས་ལ་བོད་ལྗོངས་ཀྱི་འབྲེལ་ཡོད་ཆ་འཕྲིན་དེ་བས་མང་བ་བརྒྱུད་སྤྲོད་བྱ་རྒྱུའི་རེ་བ་ཡོད”ཅེས་ཀུའུ་ལུའུ་ཨ་ཡིས་བཤད།

    ཀུའུ་ལུའུ་ཨ་ཡིས་བཏང་བའི་བརྙན་ཐུང་གཞན་ཞིག་ནང་ཁོང་གིས་ཤེལ་དཀར་མོན་པ་གྲོང་ཚོའི་མཉམ་ལས་ཁང་དུ་བོད་ཤོག་བཟོ་སྟངས་ཉམས་ལེན་བྱས་པ་པར་བརྒྱབ་ཡོད་པ་རེད།

    གྲོང་མི་བདེ་སྡོད་ལས་བརྩོན་ཡོང་ཆེད། ཤེལ་དཀར་མོན་པ་གྲོང་ཚོས་བོད་ཤོག་ཐོན་སྐྱེད་དང་ཡུལ་སྐོར་སྤྲོ་གསེང་ཉམས་ལེན་གཞི་གཅིག་ཅན་གྱི་ཆེད་ལས་མཉམ་ལས་ཁང་བཙུགས་ནས། བོད་ཤོག་པར་འདེབས་ཐོན་རྫས་གསར་གཏོད་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་གྲོང་མི་ཚོ་རང་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཞུགས་བརྟན་པོ་ཐུབ་པ་བྱས་ཡོད།

    “ངས་བོད་ལྗོངས་ཀྱི་གནས་ཚུལ་དངོས་མཚོན་གློག་བརྙན་མང་པོ་ལྟ་མྱོང་ཡོད། བོད་ལྗོངས་ཀྱི་མི་དམངས་དང་འབྲེལ་གཏུག་སྤེལ་རེས་བྱས་པ་དང་། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོ་དངོས་སུ་མཐོང་བ། བོད་ལྗོངས་ཀྱི་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་བྱས་ཚུལ་དངོས་སུ་ཤེས་རྟོགས་བཅས་བྱུང་རྗེས། ངས་ས་གནས་དེ་གའི་མི་དམངས་ཀྱིས་རང་ཉིད་ཀྱི་འཚོ་བར་བློ་ཡིད་ཚིམ་པོ་བྱེད་པ་ཤེས་རྟོགས་ཐུབ་བྱུང་། ངས་གཏོང་སྤེལ་བྱས་པའི་གནས་ཚུལ་ལ་བརྟེན་ནས་མི་དེ་བས་མང་བས་ངོ་མཚར་ཆེ་བའི་ས་ཆ་དེ་དངོས་སུ་ཉམས་ལེན་ཐུབ་རྒྱུའི་རེ་བ་ཡོད”ཅེས་ཝ་ནུ་ཨ་ཐུ་རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་ཀུང་སིའི་རླུང་འཕྲིན་སྒྲིག་བཟོ་གཙོ་གཉེར་བ་མཱ་ལི-ནུའོ་ཨེར·ཝ་ཡ་ཉི·ཁར་ཐ་ཁེས་བཤད།

    ཉིང་ཁྲི་གྲོང་ཁུལ་ནས་ཐོན་ཏེ་རྒྱལ་ལམ་318བརྒྱུད་རི་ཁུག་འགྲིམས་རྗེས་ས་ཁད་ཡངས་པོ་ཞིག་ཏུ་སླེབས་ཤིང་། དེ་ནི་ནགས་ཚལ་དང་སྤྲིན་སྨུག་ཁྲོད་ཀྱི་ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུ་རེད།

    “དངོས་གནས་ངོ་མཚར་ཆེ་བ་ཞིག་འདུག གནམ་གྲུའི་ནང་ནས་བོད་ལྗོངས་ལ་ལྟ་སྐབས། ངས་ཁ་བས་བཀླུབས་པའི་རི་རྒྱུད་དང་། སྔོ་ཁེབས་ཀྱིས་བརྒྱན་པའི་རི་བོ། ཁྱག་ཁྱོག་ཏུ་རྒྱུག་པའི་ཆུ་བོ་བཅས་མཐོང་བྱུང་། ཀླུ་ནང་དུ་སྤྲིན་དཀར་རི་རྩེ་ནས་རྒྱུ་བ་དང་འབྲི་གཡག་ཁྱུ་དང་ཁྱུ་སྔོ་ཐིང་ཐིང་གི་རྩྭ་ཐང་དུ་ཅི་དགར་རོལ་བཞིན་འདུག”ཅེས་ཐི་མོར་ཤར་མའི《ཐི་མོར་སྦྲག་སྲིད་ཚགས་པར》གྱི་རྩོམ་སྒྲིག་པ་གཙོ་བོ་ཨའོ་ཀུའུ་སི་ཐུའོ་ཡིས་བཤད།

    ནེ་པ་ལའི《ཚགས་པར་གསར་པའི》གསར་འགོད་པ་མན་ཉིའུ·ཐའེ་ལེ་ཡིས་བོད་ལྗོངས་སུ་མི་དང་རང་བྱུང་ཁམས་ཞི་མཐུན་འཕེལ་རྒྱས་བྱུང་བ་དེ་ཧི་མ་ལ་ཡའི་མཐའ་འཁོར་རྒྱལ་ཁབ་ཀྱི་ངོས་ནས་བརྗོད་ན་མིག་དཔེ་བཟང་པོ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། ཁོང་གིས“ཀྲུང་གོའི་ཉམས་མྱོང་ཤེས་རྟོགས་བྱས་ཏེ་གནས་ཚུལ་གཏོང་སྤེལ་ལ་བརྟེན་ནས་ང་ཚོའི་སྲིད་གཞུང་ལ་བརྒྱུད་བསྒྲགས་བྱས་ཏེ་ཁོང་ཚོར་དོ་ཁུར་བྱེད་དུ་འཇུག་གི་ཡིན”ཞེས་བཤད།

    ཉིང་ཁྲིར་བཅར་འདྲི་བྱེད་མཇུག་འགྲིལ་རྗེས་རྒྱལ་ཁབ་ཁག་གི་སྨྱན་སྦྱོར་མི་སྣས“བསྐྱར་དར་རྟགས་ཅན”གྱི་ཤུགས་འགྲེམས་མེ་འཁོར་ལ་བསྡད་དེ་ལྷ་སར་བསྐྱོད་པ་རེད། ལྷ་ཉིང་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་ཡར་ཀླུང་གཙང་པོ་འཕྲེད་བརྒལ་ཐེངས་16བཏང་བ་དང་། ས་མཐོའི་ལྕགས་ལམ་གྱི་དཀའ་གནད་མང་པོ་བསལ་བ། ཟམ་པ་དང་ཕུག་ལམ་གྱི་བསྡུར་ཚད་75%ཙམ་ཟིན་པ་བཅས་ཐོས་སྐབས་མི་རྣམས་ཧང་སངས་པར་གྱུར།

    “བོད་ལྗོངས་ཀྱི་འཕེལ་རྒྱས་ཆུ་ཚད་དེ་ངའི་བསམ་ཚོད་ལས་འདས་པ་དང་དེ་གའི་མི་རྣམས་ཧ་ཅང་དེང་རབས་ཀྱི་འཚོ་བ་སྐྱེལ་བཞིན་འདུག”ཕ་ཁི་སི་ཐན་གྱི་གྲོང་ཁྱེར་གསར་འགྱུར་དྲ་བའི་མཐོ་རིམ་གསར་འགོད་པ་ཨ་ལི·ཨ་པ་སི་ཡིས་ཕ་ཁི་སི་ཐན་གྱི་ས་ཁམས་ཁོར་ཡུག་བོད་ལྗོངས་དང་འདྲ་པོ་ཡོད། ངས་གནས་ཚུལ་གཏོང་སྤེལ་བྱེད་པར་བརྟེན་ནས་ཕ་ཁི་སི་ཐན་ལ་ཀྲུང་གོས་མི་དམངས་ལྟེ་བར་འཛིན་པའི་འདུ་ཤེས་བརྒྱུད་སྤྲོད་བྱ་རྒྱུ་ཡིན་ཞེས་བཤད།

    ལྷ་སར་སྡོད་རིང་རྒྱལ་ཁབ་ཁག་གི་སྨྱན་སྦྱོར་མི་སྣས་ཕོ་བྲང་པོ་ཏ་ལ་དང་། གཙུག་ལག་ཁང་། སེ་ར་དགོན་སོགས་སུ་ལྟ་སྐོར་དང་བཅར་འདྲི་བྱས་ནས་བོད་ལྗོངས་ཀྱི་རིག་གནས་སྲུང་སྐྱོང་དང་བོད་བརྒྱུད་ནང་བསྟན་གྱི་འཕེལ་རྒྱས་གསར་པ་ཤེས་རྟོགས་བྱས་པ་རེད།

    ལྟ་སྐོར་དང་བཅར་འདྲི་བྱེད་རིང་། བོད་ལྗོངས་སྤྱི་ཚོགས་རིང་ལུགས་སློབ་གླིང་གི་ཡོན་ཀྲང་གཞོན་པ་བློ་བརྟན་དང་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ལྕགས་མོ་འཚོས་ཟུར་ཚད་མི་འདྲ་བའི་ཐོག་ནས་རྒྱལ་ཁབ་ཁག་གི་སྨྱན་སྦྱོར་མི་སྣར་བོད་ལྗོངས་ཀྱི་ཆོས་ལུགས་བྱ་གཞག་གི་ལོ་རྒྱུས་དང་ད་ཡོད་གནས་ཚུལ་གསོན་ཉམས་དོད་པོས་ངོ་སྤྲོད་བྱས་པ་རེད།

    “ང་ཀྲུང་གོའི་ས་ཆ་མང་པོར་སླེབས་མྱོང་ཡོད། བོད་ལྗོངས་དང་ཤིན་ཅང་ངམ་ཡང་ན་ཀྲུང་གོའི་ས་ཆ་གཞན་གང་ཞིག་ཏུ་ཡིན་རུང་ཆོས་དད་རང་མོས་ལ་སྲུང་སྐྱོང་ཡག་པོ་ཐུབ་པ་མཐོང་བྱུང་། ནུབ་ཕྱོགས་ཀྱི་སྨྱན་སྦྱོར་ཁག་གཅིག་གིས་འདུ་ཤེས་འཛིན་སྟངས་ཀྱི་ཕྱོགས་ཞེན་གྱིས་རྐྱེན་པས་བོད་ལྗོངས་དང་ཤིན་ཅང་དང་འབྲེལ་བའི་རྫུན་གཏམ་མང་པོ་བཟོས་ཡོད། ངས་གནས་ཚུལ་གཏོང་སྤེལ་ལ་བརྟེན་ནས་འཛམ་གླིང་ཡོངས་ལ་དོན་དངོས་ཀྱི་མདུན་དུ་ཁོ་པ་ཚོའི་རྫུན་གཏམ་ནི་གཏན་ནས་ཁུངས་མ་འཁྱོལ་བ་ཡིན་པ་ར་སྤྲོད་བྱེད་ཀྱི་ཡིན”ཞེས་ཨ་ལི·ཨ་པ་སིས་བཤད།

    ཕྱི་རྒྱལ་གྱི་སྨྱན་སྦྱོར་མི་སྣས་ད་དུང་ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་དུ་ལྟ་སྐོར་བྱས་པ་རེད། བོད་ལྗོངས་སུ་ལོ་15ཡི་སློབ་ཡོན་མི་དགོས་པའི་སློབ་གསོ་ལག་ལེན་བསྟར་བར་ཁོང་ཚོས་ཁས་ལེན་གང་ལེགས་བྱས་ཤིང་། བོད་ལྗོངས་ཀྱི་ས་རྒྱ་ཆེ་བས་སློབ་གྲྭས་སློབ་མར་ཞག་སྡོད་ཞབས་ཞུ་བྱེད་པ་དེ་ནི་མི་རིགས་ཁག་གི་བྱིས་པ་ཚོས་སྤུས་ཚད་མཐོ་བའི་སློབ་གསོའི་ཁེ་དབང་འདྲ་མཉམ་ངང་ལོངས་སྤྱོད་ཐུབ་པར་འགན་ལེན་བྱེད་པའི་བྱ་ཐབས་ནུས་ལྡན་ཞིག་ཡིན་པའི་ངོས་འཛིན་བྱས་པ་རེད།

    “ཀྲུང་གོས་སློབ་གསོའི་དབང་ཆར་སྲུང་སྐྱོང་ཏན་ཏིག་བྱེད་པའི་ཐད་རྒྱལ་ཁབ་ཁག་ལ་མིག་དཔེ་བསྟན་ཡོད། ཀྲུང་གོ་སྲིད་གཞུང་དང་མི་དམངས་དབར་འབྲེལ་བ་དམ་ཟབ་ཡོད་ཅིང་། དེ་ནི་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་བདེ་སྐྱིད་ཆེད་འབད་འཐབ་ཧུར་ཐག་བྱས་པས་ཡིན”ཞེས་ཁེར་གྷི་སི་ཐན《དཔྱད་གཏམ་ཚགས་པར》གྱི་ཝུའུ་མ་ཐེ་ཁུར·པུའུ་ལ་ཅི་ཡེ་ཝ་ཡིས་བཤད་པ་རེད།

    (ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།