དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུའི་མགྲིན་ཚབ་པས་བརྗོད་དོན།

    ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་རྣམ་གྲངས་གཙོ་བོ་དང་མཚོན་རྟགས་རང་བཞིན་གྱི་སྤུས་རྟགས་སུ་གྱུར་ཡོད།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-10-12

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཚེས་10ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་དབང་ཝུན་པིན་གྱིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་འབྲེལ་ཡོད་དྲི་བར་ལན་རྒྱག་སྐབས། ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་རྣམ་གྲངས་གཙོ་བོ་དང་མཚོན་རྟགས་རང་བཞིན་གྱི་སྤུས་རྟགས་སུ་གྱུར་ཡོད། ཀྲུང་གོ་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པ་གཉེར་རྒྱུ་གོ་སྐབས་སུ་བྱས་ནས་ཕྱོགས་ཁག་དང་དངོས་གཉེར་མཉམ་ལས་ཟབ་ཏུ་བཏང་སྟེ། ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་མུ་མཐུད་འཕེལ་རྒྱས་དང་དར་རྒྱས་གཏོང་བའི་མྱུར་ཚད་མགྱོགས་སུ་བཏང་ནས་འཛམ་གླིང་གི་དཔལ་འབྱོར་ལ་དེ་བས་ལེགས་པའི་སྒོ་ནས་རོགས་རམ་དང་ལམ་རྒྱུད་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཅེས་བརྗོད།

    དབང་ཝུན་པིན་གྱིས། ལོ་10ལྷག་ཙམ་འཚོལ་ཞིབ་དང་འཕེལ་རྒྱས་བཏང་བ་བརྒྱུད་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་གྱི་བགྲོད་ལམ་དྲ་བ་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ་དང་། ལམ་རྒྱུད་ཀྱི་འགག་སྒོའི་ནུས་པ་ཆེ་རུ་ཕྱིན་པ། འགག་རྩའི་ནུས་པ་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ་བཅས་བྱུང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་པས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་རྣམ་གྲངས་གཙོ་བོ་དང་མཚོན་རྟགས་རང་བཞིན་གྱི་སྤུས་རྟགས་སུ་གྱུར་ཡོད་ཅེས་བརྗོད།

    དབང་ཝུན་པིན་གྱིས། མིག་སྔར་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་གྱིས་ཀྲུང་གོའི་ས་ཁོངས་ཀྱི་གྲོང་ཁྱེར་112དང་སྦྲེལ་མཐུད་བྱས་པ་དང་། ལམ་བར་དུ་ཨེ་ཤེ་ཡའི་རྒྱལ་ཁབ་དང་ས་ཁུལ་11གི་གྲོང་ཁྱེར་100ལྷག་ཙམ་བརྒྱུད་པ། ཡོ་རོབ་ཀྱི་རྒྱལ་ཁབ་དང་ས་ཁུལ་25ཡི་གྲོང་ཁྱེར་200ལྷག་ཙམ་ལ་ཤར་གཏོང་ཐུབ་ཡོད། ཕོ་ལན་གྱི་ལུའོ་ཙི་སོགས་གྲོང་ཁྱེར་གྱིས་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་ལ་བརྟེན་ནས་གསར་དར་ཟོག་འགྲེམས་ལྟེ་བའི་གྲོང་ཁྱེར་ལ་འགྱུར་བ་བྱས་ཡོད། ཟོག་འགྲེམས་དང་དྲ་ཐོག་ཚོང་དོན་སོགས་ཁྱབ་ཁོངས་ཀྱི་ཀྲུང་གོའི་ཀུང་སི་100ལྷག་ཙམ་འཇར་མན་གྱི་ཏུའོ་དབྱི་སི་པའོ་རུ་བཙུགས་པ་དང“ངར་ལྕགས་ཀྱི་རྔ་མོང་རུ་ཁག”ལས“ཀྲུང་གོས་བཟོས་པ”ཡོ་རོབ་ཏུ་དགའ་བསུ་ཇེ་ཆེར་ཐོབ་པ་མ་ཟད། ཡོ་རོབ་ཀྱི་ཐོན་རྫས་དེ་བས་མང་བ་ཀྲུང་གོའི་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་གདལ་བཏང་ཡོད། ཧ་སག་སི་ཐན་གྱི་གྲོ་ཞིབ་སོགས་ཞིང་ལས་ཐོན་རྫས་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་ལ་བརྟེན་ནས་ཀྲུང་གོར་ཕྱིར་ཚོང་བྱས་པས་ས་གནས་དེ་གའི་མང་ཚོགས་ཀྱི་འཚོ་བ་དངོས་དངོས་རྗེན་རྗེན་གྱིས་ལེགས་སུ་ཕྱིན་ཡོད། ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་གྱིས་ཨེ་ཤེ་ཡ་དང་ཡོ་རོབ་དབར་གྱི་རྒྱལ་སྤྱིའི་སྐྱེལ་འདྲེན་གྱི་རྣམ་པ་གསར་པ་བཏོད་པ་དང་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་ལས་སྟེགས་གསར་པ་བཏོད་དེ་མཛའ་གྲོགས་མཉམ་ལས་ཀྱི་ཕོ་ཉ་དང་གཉིས་ཁེ་གཉིས་ཕན་གྱི་འབྲེལ་ཟམ་ཞིག་ཏུ་གྱུར་ཡོད་ཅེས་ངོ་སྤྲོད་བྱས།

    ཁོང་གིས། ལོ་ངོ་ཉིས་སྟོང་ལྷག་ཙམ་གོང་གནའ་བོའི་དར་གོས་ལམ་བུའི་ཐོག་གི་རྔ་མོང་སྐྱེལ་འདྲེན་རུ་ཁག་གིས་ཀྲུང་གོ་དང་ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་དབར་འགྲོ་འོང་བྱེད་འགོ་བཙུགས་ཡོད། ད་ཆ་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་གྱི་རྡུང་བརྡ་གསང་པོས་དར་གོས་ལམ་བུའི་ངོ་མཚར་གཏམ་རྒྱུད་གསར་པར་བདེན་དཔང་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པ་གཉེར་རྒྱུ་གོ་སྐབས་སུ་བྱས་ནས་ཕྱོགས་ཁག་དང་དངོས་གཉེར་མཉམ་ལས་ཟབ་ཏུ་བཏང་སྟེ། ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་མུ་མཐུད་འཕེལ་རྒྱས་དང་དར་རྒྱས་གཏོང་བའི་མྱུར་ཚད་མགྱོགས་སུ་བཏང་ནས་འཛམ་གླིང་གི་དཔལ་འབྱོར་ལ་དེ་བས་ལེགས་པའི་སྒོ་ནས་རོགས་རམ་དང་ལམ་རྒྱུད་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།