དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཅིའུ་ཅིན་ཧྲན་དུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གིས་སུ་ཡིན་འདི་ཡིན་མེད་པའི་མི་ཞིག་གིས་རླངས་འཁོར་བཏང་ནས་ཁེ་སྐྱོང་ལས་ཤག་ནང་ཧམ་འཛུལ་བྱས་པའི་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-10-12

     ཟླ་10ཚེས་9ཉིན་ཨ་རིའི་ཅིའུ་ཅིན་ཧྲན་ཉེན་རྟོག་ཕྱོགས་ཀྱིས་ཅིའུ་ཅིན་ཧྲན་དུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གི་ཉེ་འགྲམ་དུ་བརྟག་དཔྱད་བྱེད་བཞིན་པ།

    ཟླ་10ཚེས་9ཉིན་ཅིའུ་ཅིན་ཧྲན་དུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གི་མགྲིན་ཚབ་པས་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་ནང་རླངས་འཁོར་ཧམ་འཛུལ་གྱི་འཇབ་རྒོལ་ཕོག་པའི་དོན་རྐྱེན་ལ་གཏམ་བཤད་སྤེལ་བ་རེད།

    མགྲིན་ཚབ་པས། ས་གནས་དེ་གའི་དུས་ཚོད་ཚེས་9ཉིན་གྱི་ཕྱི་དྲོར་སུ་ཡིན་འདི་ཡིན་མེད་པའི་མི་ཞིག་གིས་རླངས་འཁོར་བཏང་སྟེ་ངེད་ཁེ་སྐྱོང་ལས་ཤག་གི་ལས་སྒྲུབ་ཚོམས་ཆེན་ལ་ཧམ་འཛུལ་བྱས་ཏེ་ལས་དོན་མི་སྣ་དང་དེ་བཞིན་ས་གནས་ས་ཐོག་གི་དམངས་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ལ་འཇིགས་སྣང་ཚབས་ཆེན་བཟོས་ཡོད་ལ། ངེད་ཁེ་སྐྱོང་ལས་ཤག་གི་སྒྲིག་བཀོད་དང་རྒྱུ་ནོར་ལའང་གཏོར་སྐྱོན་ཚབས་ཆེན་བཏང་ཡོད། བྱེད་སྟངས་དེའི་ངོ་བོ་ཧ་ཅང་མ་རབས་དང་མིག་སྔར་ཉེས་གསོག་དོགས་ཅན་ཉེན་རྟོག་ཕྱོགས་ཀྱིས་བཟུང་ཡོད་ཅེས་བརྗོད། ཡང་མགྲིན་ཚབ་པས། ངེད་ཁེ་སྐྱོང་ལས་ཤག་གིས་གཏུམ་སྤྱོད་ཀྱི་འཇབ་རྒོལ་དོན་རྐྱེན་དེར་རྒོལ་གཏམ་དྲག་པོ་གཏོང་རྒྱུ་ཡིན་ལ། དོན་རྐྱེན་འདིའི་འབྲེལ་ཡོད་འགན་འཁྲི་རྩད་གཅོད་བྱེད་པའི་དབང་ཆ་སོར་འཇོག་བྱ་རྒྱུ་ཡིན། ངེད་ཁེ་སྐྱོང་ལས་ཤག་གིས་ཨ་རི་ཕྱོགས་དང་དྲང་ནན་གྱི་འབྲེལ་གཏུག་བྱས་ཏེ་གནས་ཚུལ་ངོ་མ་མགྱོགས་ནས་མྱུར་དུ་བརྟག་དཔྱད་གསལ་པོ་བྱ་རྒྱུ་དང་ཁྲིམས་ལྟར་ཐག་གཅོད་ནན་པོ་བྱ་རྒྱུའི་རེ་བ་བཏོན་པ་དང་འབྲེལ། ཨ་རི་ཕྱོགས་ཀྱིས《ཝི་ཨེན་ནའི་ཕྱི་འབྲེལ་འབྲེལ་བའི་སྤྱི་ཆིངས》དང་།《ཝི་ཨེན་ནའི་ཁེ་སྐྱོང་འབྲེལ་བའི་སྤྱི་ཆིངས》《ཀྲུང་ཨའི་ཁེ་སྐྱོང་ཆིངས་ཡིག》བཅས་ཀྱི་གཏན་འབེབས་ལྟར་དགོས་ངེས་ཀྱི་བྱ་ཐབས་མཐའ་དག་སྤྱད་དེ་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གི་མི་སྣ་དང་ལས་ཤག་གི་བདེ་འཇགས་ལ་འགན་ལེན་བྱ་རྒྱུའི་སྐུལ་འདེབས་ཀྱང་བྱས་པ་ཡིན་ཞེས་བརྗོད།


    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།