དཀའ་སྤྱད་ཀྱི་ཞིང་ལ་ལོ་ལེགས་ཀྱི་འབྲས་བཟང་སྨིན།
—— ཁང་དམར་རྫོང་གམ་རུ་ཤང་གུར་འགྱིང་གྲོང་ཚོའི་ཁྱོ་ཤུག་གིས་བུ་ཕྲུག་བཞི་ལས་བྱེད་པར་བསྐྱངས་པའི་སྐོར་བཀོད་པ།
ཁང་དམར་རྫོང་གམ་རུ་ཤང་གུར་འགྱིང་གྲོང་ཚོའི་ཡུལ་མི་བག་གྲོ་དང་ཁོང་གི་བཟའ་ཟླ།
གསར་འགོད་པ་གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་གམ་རུ་ཤང་གུར་འགྱིང་གྲོང་ཚོར་སྐྱོད་སྐབས། གྲོང་ཚོའི་སྲང་ལམ་དུ་བུད་མེད་རེ་ཟུང་གིས་ཉི་མར་ལྡེ་ཞོར་དུ་ལག་ལས་བྱེད་བཞིན་ཡོད་པ་ཕུད། མི་གཞན་ཧ་ལམ་མཐོང་དཀོན་པས། བུད་མེད་དེ་གཉིས་ལ་སྐད་ཆ་དྲིས་པ་བརྒྱུད། ཁོང་ཚོའི་བུ་ཕྲུག་རྣམས་འགའ་རེ་གཞུང་གི་ལས་བྱེད་པར་གྱུར་ཏེ་ལྷ་ས་སོགས་བོད་ཀྱི་ས་ཆ་ཁག་ཏུ་ལས་ཀ་བྱེད་བཞིན་ཡོད་པ་དང་། འགའ་རེ་ནི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དུ་སློབ་སྦྱོང་བྱེད་པར་སོང་བས། ཁྱིམ་དུ་བཟའ་ཚོ་དང་བགྲེས་སོང་ལས་ལྷག་མེད་ཚུལ་བརྗོད། རྒྱུས་ལོན་བྱས་པ་ལྟར་ན། གུར་འགྱིང་གྲོང་ཚོར་བུད་མེད་དེ་གཉིས་དང་འདྲ་བར། བུ་ཕྲུག་གཞན་ཡུལ་དུ་ལས་ཀའམ་སློབ་གྲྭར་སོང་སྟེ་ཁྱིམ་དུ་ཁྱོ་ཤུག་གམ་བགྲེས་སོང་ལས་ལྷག་མེད་པའི་ཁྱིམ་ཚང་མང་པོ་འདུག
འདི་ལོ་ལོ་55ལ་སླེབས་པའི་གུར་འགྱིང་གྲོང་ཚོའི་བག་གྲོའི་ཁྱིམ་ཚང་ཡང་དེ་དག་གི་གྲས་ཤིག་ཡིན་ཞིང་། ཁོང་ཁྱོ་ཤུག་ལ་བུ་གསུམ་དང་བུ་མོ་གཅིག་ཡོད་པ་ཚང་མ་གཅིག་རྗེས་གཉིས་མཐུད་ཀྱིས་སློབ་ཆེན་ནས་སློབ་མཐར་ཕྱིན་ཏེ། ད་ལྟ་བུ་རྒན་པ་སྐལ་ལྷུན་ཁང་དམར་རྫོང་རྩ་འཛུགས་པུའུ་རུ་ལས་ཀ་བྱེད་བཞིན་པ་དང་། བུ་འབྲིང་བ་བཀྲ་ཤིས་བསམ་གྲུབ་ལྷ་ས་རྟེན་མཛོད་ཁང་དུ་ལས་ཀ་བྱེད་བཞིན་པ། བུ་གཞོན་པ་སྤེན་པ་བཀྲ་ཤིས་ས་སྐྱ་རྫོང་སློབ་འབྲིང་དུ་དགེ་རྒན་བྱེད་བཞིན་པ། བུ་མོ་བསྟན་སྒྲོན་གཞིས་རྩེ་གྲོང་ཁྱེར་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་སུ་ལས་ཀ་བྱེད་བཞིན་ཡོད་པ་རེད།
མཐའ་མཚམས་ཁང་དམར་རྫོང་ཁོངས་ཀྱི་ཞིང་ཁུལ་གྱི་ཕ་མ་གཉིས་ཀྱིས་སྔ་ཕྱིར་བུ་ཕྲུག་བཞི་སློབ་ཆེན་དུ་བཏང་སྟེ་ཚང་མ་གཞུང་གི་ལས་བྱེད་པར་གསོ་སྐྱོང་བྱས་པའི་སྐོར་ཐོས་སྐབས། ཁོང་ཁྱོ་ཤུག་གིས་སྙིང་རུས་དང་སེམས་ཤུགས་ཇི་ལྟ་བུ་ཞིག་ལ་བརྟེན་ནས། བུ་ཕྲུག་བཞི་པོ་རྣམས་གཞུང་གི་ལས་བྱེད་པར་གསོ་སྐྱོང་བྱས་ཚུལ་སྐོར་ལ་བཅར་འདྲི་ཞུས་པ་ཡིན།
འདི་ནི་ཁང་དམར་རྫོང་གམ་རུ་ཤང་གུར་འགྱིང་གྲོང་ཚོའི་དབྱར་དུས་ཀྱི་རྣམ་པ་ཡིན་པ།
ངོ་མདོག་ཅུང་དམར་སྨུག་ཡིན་ཡང་སྨྲ་ལྕེ་བདེ་ལ་གྲུང་ཤ་དོད་པ་ནི་གུར་འགྱིང་གྲོང་ཚོའི་ཡུལ་མི་བག་གྲོས་ང་ཚོར་བཞག་པའི་བག་ཆགས་ཐོག་མ་དེ་རེད། ཁོང་དང་ཅི་འཕྲོས་མོལ་འཕྲོས་བཤད་པ་བརྒྱུད། ཁོང་ནི་ས་སྐྱེས་རྡོ་སྐྱེས་ཀྱི་གུར་འགྱིང་གྲོང་ཚོའི་ཡུལ་མི་ཞིག་ཡིན་ཞིང་། ཆུང་དུས་ཕ་མའི་བཀའ་བཞིན་གྲོང་ཚོ་གཅིག་པའི་ཨ་ཅག་སྐྱིད་འཛོམས་ཀྱི་ཁྱིམ་དུ་མག་པར་སླེབས་པ་དང་། ཁོང་ཁྱོ་ཤུག་ལ་སྔ་ཕྱིར་བུ་གསུམ་དང་བུ་མོ་གཅིག་བྱུང་། ཆུང་དུས་སུ་ཁོང་དང་བཟའ་ཟླ་སྐྱིད་འཛོམས་གཉིས་པོ་སློབ་གྲྭར་འགྲོ་སྐལ་མ་བྱུང་སྟབས། ཞིང་ཐང་གྲུ་བཞི་སྔས་སུ་བྱས་ཏེ་ཐལ་རླུང་གི་ཁྲོད་དུ་ས་ཞིང་དང་མ་འཐབ་ཀ་མེད་དུ་གྱུར། ཁོང་གིས། “ངེད་ཁྱོ་ཤུག་གཉིས་ཀ་ཞིང་པ་ཡིན་པས། ཕྲུ་གུ་ཚོའང་ངེད་གཉིས་དང་འདྲ་བར་དཔུང་ས་འོག་ཏུ་བཅུག་ནས་དཀའ་ལས་ཁྲག་དྲི་བྲོ་བྲོ་རྒྱག་མཁན་གྱི་ཞིང་པ་བྱེད་འཇུག་འདོད་གཏན་ནས་མེད”ཅེས་བརྗོད། བུ་ཕྲུག་ཚོའི་བར་ལོ་ཁྱད་ཆེན་པོ་མེད་པས། བུ་ཕྲུག་བཞི་གཅིག་རྗེས་གཉིས་མཐུད་ཀྱིས་སློབ་གྲྭར་གཏོང་རིང་། ཕྲུ་གུ་ཚོའི་སློབ་ཡོན་དང་འཚོ་བའི་འགྲོ་གྲོན་ཐད་ཁོང་ལ་དཀའ་ངལ་ཆེན་པོ་འཕྲད། ལྷག་པར་དུ། ནམ་རྒྱུན་ཕྲུ་གུ་རྣམས་སློབ་འགོ་ཚུགས་ལ་ཉེ་དུས་ཁོང་ལ་སེམས་རྣལ་ལ་ཕབ་ནས་ལྷོད་ལྷོད་དུ་སྡོད་ཁོམ་མེད་པས། ཐག་རིང་གི་དགའ་ཉེ་སྤུན་མཆེད་དང་། ཉེ་འཁོར་གྱི་གྲོང་པ་ཁྱིམ་མཚེས་ཚོའི་གམ་དུ་དངུལ་གཡར་བར་སོང་བ་བགྲང་དུ་མེད། ཁོང་གིས། “ཕྲུ་གུ་ཚོར་འགྲོ་སོང་གཏོང་ཆེད། ངས་གྲོང་པ་ཁྱིམ་མཚེས་ཚོའི་གམ་ནས་དངུལ་མང་པོ་གཡར་མྱོང་ཡོད། མ་གཞི་ཁོང་ཚོས་ང་ལ་གནས་སྐབས་སྤྲོད་རྟེན་མེད་པ་ཤེས་ཀྱང་། ང་ལ་སྤྲོད་རྟེན་མེད་པར་མ་བལྟོས་པར། གང་ནུས་ཅི་ནུས་ཀྱིས་རོགས་པ་བྱེད་ཀྱི་ཡོད། ནམ་རྒྱུན་ངེད་ཁྱོ་ཤུག་གིས་ཕྲུ་གུ་ཚོའི་སླད་དུ་སྡུག་ཆེན་པོ་མྱངས་པ་མཐོང་དུས། ཡུལ་མི་འགའ་རེས་ཕྲུ་གུ་གཅིག་གཉིས་སློབ་གྲྭར་མ་བཏང་ཡང་སྐྱོན་མེད་པས། ཁྱིམ་དུ་ཉར་ན་ངེད་གཉིས་པོའི་ཁུར་པོ་ཡང་དུ་འགྲོ་ངེས་ཡིན་པའི་ཁ་ཏ་བསླབ་བྱ་བྱེད་བཞིན་ཡོད་ཀྱང་། ཕྲུ་གུ་ཚང་མ་རང་གི་ཤ་ལས་བཅད་པ་གཅིག་པ་ཡིན་དུས། ཁོང་ཚོའི་གདོང་མཐོང་ཐེངས་རེར་སེམས་ཀྱིས་བཟོད་ཀྱི་མི་འདུག ངས་དེ་འཕྲལ་ཕྱི་བཤོལ་དང་ཐེ་ཚོམ་སྤངས་ནས་བུ་ཕྲུག་གཅིག་ཀྱང་མ་ལུས་པར་སློབ་གྲྭར་གཏོང་བའི་སེམས་ཐག་བཅད་པ་ཡིན”ཞེས་བརྗོད།
ཁོང་གིས་དེ་འཕྲལ་ཞིང་ལས་ཀྱི་ཞོར་དུ་ཉེ་འཁོར་གྱི་ལས་གྲྭ་ཁག་ཏུ་གླ་པར་བསྐྱོད་དེ། ཟ་མཁས་འཐུང་མཁས་ཀྱིས་བུ་ཕྲུག་ཚོའི་སློབ་ཡོན་དང་འཚོ་བའི་འགྲོ་གྲོན་གསོག་པ་དང་། ནམ་ཞག་རྒྱུན་དུ་ཞིང་ལས་དང་སྒོ་ཕྱུགས་ཀྱི་གཡོག་བྱས་ཏེ་ཞོར་ལས་ཡོང་འབབ་གསོག་པར་འབད་བཞིན་ཡོད་ལ། སྔ་དགོང་དུ་བཟའ་ཟླར་རོགས་བྱས་ཏེ་ཁྱིམ་ལས་ཧྲ་ཏག་ཏག་བྱེད་པ་དང་། རྒན་རྒོན་ལ་སྲི་ཞུ་ཧུར་ཐག་སྒྲུབ་བཞིན་ཡོད་པས། དཀའ་སྡུག་གི་འཚོ་བའི་རི་མོས་ཁོང་གི་དཔྲལ་བར་ལོ་ཟླའི་གྲོག་ཤུར་འཐེན་པ་དང་། ལག་ཟུང་གི་སེན་མདོག་ནི་ཁོང་གིས་ཉིན་མཚན་ཀུན་ཏུ་འཐབ་བཞིན་པའི་ས་གཞིའི་དོ་ཟླར་གྱུར། ལྷག་པར་དུ་སྐབས་དེ་དུས་དཔྱིད་དུས་རེ་བའི་ས་བོན་འདེབས་པ་ནས་སྟོན་དུས་འབྲས་བུ་བསྡུ་བའི་བར་དུ། ཞིང་ལས་ཚང་མ་མི་དང་སྒོ་ཕྱུགས་ཁོ་ནར་བརྟེན་དགོས་སྟབས། སྟོན་དུས་གཡུལ་ལས་ཁོ་ནར་ཟླ་གཅིག་ལྷག་ཙམ་འགོར་གྱི་ཡོད་པས། ལུས་སེམས་གཉིས་ཀྱི་ངལ་བས་ཁོང་རེ་ཞིག་རྡོ་ཕོག་པའི་བྱེའུ་རྨས་མ་ལྟ་བུར་གྱུར་ཡང་། བུ་ཕྲུག་སློབ་གྲྭར་དཔྱིས་ཕྱིན་པ་གཏོང་བའི་ཁོང་གི་ཐོག་མའི་བསམ་འདུན་ལ་གཡོ་འགུལ་སྤུ་ཙམ་ཡང་བྱུང་མེད།
ཁོང་ཁྱོ་ཤུག་གིས་ཁོམ་པ་ཡོད་རིམ་བཞིན་ཕྲུ་གུ་ཚོའི་དགེ་རྒན་དང་འབྲེལ་བ་བྱས་ཏེ་ཁོང་ཚོའི་སློབ་སྦྱོང་དང་འཚོ་བར་རྒྱུས་ལོན་དང་། བུ་ཕྲུག་ཚོར་ཞིང་པ་བྱས་ན་དཀའ་ངལ་ཆེན་པོ་ཡོད་ལུགས་གླེང་སྟེ་ཁྱོད་ཚོ་ནི་ཕ་མ་གཉོམ་ཆུང་གི་ཕྲུ་གུ་ཡིན་པས། ནམ་ཞག་རྒྱུན་དུ་སློབ་སྦྱོང་ལ་འབད་བརྩོན་བྱེད་དགོས་པ་དང་། དམའ་ས་བཟུང་ནས་དགེ་རྒན་གྱི་ཞལ་ལ་ཉན་པོ་དང་། སློབ་གྲོགས་ཕན་ཚུན་མཐུན་སྒྲིལ། གྲོན་ཆུང་བསྲི་ཚགས་དང་ཡ་རབས་གཞུང་དྲང་བྱེད་དགོས་པ་སོགས་ཀྱི་སློབ་གསོ་བརྒྱབ་སྟེ། བུ་ཕྲུག་རྣམས་སྤྱོད་ཡོན་གཉིས་ལྡན་གྱི་བུ་ཕྲུག་བཟང་པོ་ཞིག་ཏུ་གྱུར་ཆེད་སེམས་ནུས་ཆེན་པོ་འདོན་བཞིན་ཡོད་ལ། རང་དཔེ་གཞན་སྟོན་གྱིས་གྲོན་ཆུང་བསྲི་ཚགས་དང་ཡ་རབས་བབ་ཆགས་ཀྱི་འཚོ་བའི་རྒྱུན་བསྐྱངས་ཏེ། གྲོང་པ་ཁྱིམ་མཚེས་དབར་འཆམ་མཐུན་དང་། ཆང་རག་དང་རྒྱན་འཛུགས་ལ་མི་རོལ་བ། གྲོང་ཚོ་སྤྱིའི་ལས་ཀར་ཧུར་ཐག་ཞུགས་བཞིན་ཡོད་པས། བུ་ཕྲུག་ཚོ་ལའང་ཕ་མ་བཟང་པོའི་རྒྱུད་ཁྲིད་ནས། སློབ་སྦྱོང་དང་ཀུན་སྤྱོད་གཉིས་ཀ་གཞན་གྱི་མིག་དཔེ་ལྟ་ཡུལ་དུ་གྱུར།
འདི་ནི་གསར་འགོད་པས་བག་གྲོ་ཁྱོ་ཤུག་ལ་ཕྲུ་གུའི་ལས་ཞུགས་སྐོར་འདྲི་བཞིན་པ།
དཀའ་སྤྱད་ཁུར་དུ་བཟོད་ནུས་ན། མི་འགྲུབ་བྱ་བ་ཅི་ཡང་མེད། ཁོང་ཁྱོ་ཤུག་གཉིས་ཀྱི་དཀའ་སྤྱད་དང་། འབད་འཐབ། རྒྱུན་འཁྱོངས། གྲོན་ཆུང་བསྲི་ཚགས་བཅས་ལ་བརྟེན་ནས། ད་ལྟ་ཁོང་གི་བུ་ཕྲུག་བཞི་པོའང་བྱ་རྒོད་པོར་གཤོག་རྩལ་རྒྱས་པ་དང་། བྱ་ངང་པ་རྐྱལ་རྩལ་རྫོགས་པའི་དུས་ལ་སླེབས་ཤིང་། རིམ་གྱིས་སློབ་ཆེན་ནས་མཐར་ཕྱིན་ཏེ་རང་བློར་བབས་པའི་ལས་ཁུངས་ཁག་ཏུ་གཞུང་གི་ལས་ཀ་རག་པས། ཡུན་རིང་སྡུག་གི་རྒྱ་མཚོར་བྱིངས་པའི་ཁོང་ཁྱོ་ཤུག་གཉིས་ཀྱི་སྡུག་གི་མུན་པ་སངས་ཏེ། སྐྱིད་པའི་ཉི་མ་ཤར། ཁོང་གིས། “བུ་ཕྲུག་ཚང་མ་རང་མགོ་ཐོན་པས། ད་ནི་ངེད་གཉིས་པོའི་བསམ་དོན་ཡོངས་སུ་གྲུབ་སོང་། བུ་ཕྲུག་ཚོའང་ཁ་ལ་ཉན་པ་དང་། ནམ་ཞག་རྒྱུན་དུ་ངེད་གཉིས་པོའི་གང་ས་ཅི་ཐད་ལ་རོགས་པ་བྱེད་ཀྱི་ཡོད། ལྷག་པར་དུ་བུ་རྒན་པ་གཉིས་པོ་སློབ་མཐར་ཕྱིན་ནས་ལས་ཀར་ཞུགས་རྗེས། ཁོང་ཚོས་ངེད་གཉིས་པོའི་དཀའ་ངལ་སེལ་རོགས་བྱས་ཏེ། སྔོན་ཆད་གྲོང་པ་ཁྱིམ་མཚེས་ས་ནས་གཡར་བའི་དངུལ་བུན་བཅལ་བ་མ་ཟད། རང་གི་གཅུང་པོ་གཅུང་མོ་ཚོར་འགྲོ་སོང་གཏོང་བཞིན་ཡོད་པས། ངེད་གཉིས་པོའི་ཁུར་པོ་མངོན་གསལ་དོད་པོས་ཡང་དུ་ཕྱིན་སོང”ཞེས་བརྗོད།
1976ལོར་སྐྱེས་པའི་སྟོབས་རྒྱལ་ནི་གུར་འགྱིང་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཡིན་ཞིང་། ཁོང་གིས། “ང་ཆུང་དུས་སུ་ཕྲུ་གུ་སློབ་གྲྭར་འགྲོ་མཁན་སྤྱིར་ཉུང་ཉུང་རེད། ཁྱིམ་བདག་ཕལ་ཆེ་བས་རང་གི་ཕྲུ་གུ་ཁྱིམ་དུ་ཉར་ནས་ལུག་རྫི་སོགས་ལས་ཀ་ཙག་ཙིག་བྱེད་དུ་འཇུག་གི་ཡོད། འོན་ཀྱང་། ད་ལྟ་གྲོང་ཚོ་ཡོངས་སུ་ཕྲུ་གུ་སློབ་གྲྭར་གཏོང་བའི་གོམས་གཤིས་བཟང་པོ་ཞིག་འཇགས་ཏེ། ཐ་ན་ཁྱིམ་དུ་བཟའ་ཚོ་ལས་ལྷག་མེད་ཀྱང་། ཚང་མས་བུ་ཕྲུག་འཚང་ག་ཤིག་ཤིག་ངང་སློབ་གྲྭར་གཏོང་གི་ཡོད། དེས་མ་ཟད་ཕྲུ་གུ་སློབ་གྲྭར་གཏོང་བའི་འགྲན་རྩོད་ཀྱང་ཆེན་པོ་བྱེད་ཀྱི་ཡོད”ཅེས་བརྗོད།
འདི་ནི་གསར་འགོད་པས་ཡུལ་མི་བགྲེས་སོང་གི་གམ་ནས་ཕྲུ་གུའི་ལས་ཞུགས་སྐོར་འདྲི་བཞིན་པ།
སྟོབས་རྒྱལ་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། དེང་གི་ཆར། གཞི་རིམ་དུ་འོས་འགན་སློབ་གསོ་ཕྱོགས་ཡོངས་ནས་ཁྱབ་གདལ་བྱུང་བ་དང་། “འགན་ལེན་གསུམ”གྱི་སྲིད་ཇུས་ཕྱོགས་ཡོངས་ལ་ཁྱབ་པ། སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས། མང་ཚོགས་ཀྱི་བསམ་བློའི་གོ་རྟོགས་མཐོ་རུ་ཕྱིན་པ། ལྷག་པར་དུ། གྲོང་ཚོའི་ཁྱིམ་ཚང་ག་གེ་མོའི་བུ་ཕྲུག་སློབ་ཆེན་ཐོན་ཏེ་རང་མགོ་ཐོན་པ་མ་ཟད། རང་གི་ཁྱིམ་ཚང་ལ་ཕན་ཆེན་པོ་འདོགས་བཞིན་པ་མཐོང་དུས། ཚང་མས་བུ་ཕྲུག་སློབ་གྲྭར་གཏོང་བའི་དགེ་མཚན་རྟོགས་ནས། སྔོན་མ་བུ་ཕྲུག་སློབ་གྲྭར་མི་གཏོང་མཁན་གྱི་ཁྱིམ་བདག་མང་པོའང་ད་ལྟ་རང་གི་ཚ་བོ་ཚ་མོ་སློབ་གྲྭར་སྐྱེལ་བསུ་བྱེད་མཁན་དུ་གྱུར་ཡོད་པ་རེད།
འདི་ནི་ཁང་དམར་རྫོང་གམ་རུ་ཤང་གུར་འགྱིང་གྲོང་ཚོའི་བུ་བཅོལ་ཁང་གི་རྣམ་པ་ཡིན་པ།
མིག་སྔར། དུད་ཚང་85ལས་མེད་པའི་གུར་འགྱིང་གྲོང་ཚོ་ཁོ་ན་ནས་ཐོན་པའི་གཞུང་གི་ལས་བྱེད་པ་102ཙམ་ཡོད་པ་དང་། སློབ་ཆེན་འགྲོ་མུས་ཀྱི་སློབ་མ་30ལྷག་ཟིན་ཡོད། ཁང་དམར་རྫོང་སྲིད་གཞུང་གིས་ཀྱང་སློབ་གསོའི་བྱ་གཞག་ལ་མཐོང་ཆེན་པོ་བྱས་ཏེ། ནོར་སྲིད་ནས་ལོ་ལྟར་སློབ་གསོའི་བྱ་གཞག་ལ་མ་དངུལ་འབོར་ཆེན་གཏོང་བཞིན་ཡོད་ལ། ཐེམ་ཁུངས་ཁང་དམར་རྫོང་ནས་ཡིན་པའི་བུ་ཕྲུག་དངོས་གཞིའི་ཚན་ཁག་ཏུ་ཡིག་རྒྱུགས་འཕྲོད་ཚེ་བྱ་དགའི་དངུལ་སྒོར་10000དང་ཆེད་སྦྱོང་ཚན་ཁག་ཏུ་ཡིག་རྒྱུགས་འཕྲོད་ཚེ་བྱ་དགའི་དངུལ་སྒོར་8000སྤྲད་དེ། ཁང་དམར་རྫོང་ནས་དེ་བས་མང་བ་དང་དེ་བས་བྱང་ཚད་མཐོ་བའི་ཤེས་ལྡན་མི་སྣ་འཐོན་ཐུབ་རྒྱུར་འབད་བརྩོན་བྱེད་བཞིན་ཡོད་པས། 2022ལོར་རྫོང་སྲིད་གཞུང་ནས་སློབ་ཆེན་དུ་ཚུད་པའི་སློབ་མ་222ལ་སྤྲད་པའི་བྱ་དགའི་དངུལ་ཁོ་ན་སྒོར་ཁྲི་163ཟིན་གྱི་ཡོད།
འདི་ནི་ཁང་དམར་རྫོང་གམ་རུ་ཤང་གུར་འགྱིང་གྲོང་ཚོའི་མང་ཚོགས་སྡོད་ཁང་གི་ཟུར་ཞིག་ཡིན་པ།
བཅར་འདྲི་མཇུག་འགྲིལ་ཁར། ཡུལ་མི་བག་གྲོས་འཛུམ་དམུལ་དམུལ་ངང་གསར་འགོད་པར། “ང་ཏང་ལ་ཞུགས་ནས་ད་བར་ལོ་30ལྷག་སོང་། ང་རང་གིས་སྣེ་ཁྲིད་དེ་ཕྲུ་གུ་ཚང་མ་སློབ་གྲྭར་བཏང་བས། ད་ལྟ་གྲོང་ཚོར་ལས་བྱེད་པ་ཇེ་མང་དང་སློབ་ཆེན་སློབ་མ་ཇེ་མང་དུ་འགྲོ་བཞིན་ཡོད། ང་རང་ཡང་གཉིས་ལྡན་དུད་སྦྲེལ་གྱི་སྤྱི་མིར་བདམས་པས། ད་ལྟ་འཚོ་བ་ཧ་ཅང་སྐྱིད་པོ་འདུག ཕྲུ་གུ་ཚང་མ་རང་མགོ་ཐོན་པས་ཕྲུ་གུར་སེམས་ཁྲལ་བྱེད་དགོས་མེད་ལ། བཟའ་ཟླ་ལའང་ཟླ་མི་རེ་ངོ་རེར་ལོ་དྲུག་ཅུའི་རྒན་གསོའི་དངུལ་ལེན་རྒྱུ་ཡོད། དེའི་ཁར་ཞིང་ལས་ཀྱང་འཕྲུལ་ཆས་ཅན་དུ་གྱུར་པས། གཡུལ་ལས་བྱེད་པར་ཉིན་གསུམ་ཙམ་ལས་འགོར་གྱི་མེད”ཅེས་བརྗོད་པ་དང་། བུ་ཕྲུག་བཞི་དང་ཚ་བོ་ཚ་མོ་གསུམ་གྱིས་ཁོང་ཁྱོ་ཤུག་གི་མཐའ་ནས་བསྐོར་བའི་གྱང་ལྡེབས་ཀྱི་ནང་མི་མཉམ་འཛོམས་ཀྱི་དྲན་རྟེན་པར་དེ་གཞན་ལས་མངོན་གསལ་དོད་ཅིང་། དེ་ལས་འཆམ་མཐུན་དང་བདེ་སྐྱིད་ལྡན་པའི་དུས་རབས་གསར་པའི་ཞིང་ཁུལ་གྱི་ཁྱིམ་ཚང་ཞིག་གི་ཚ་རོག་རོག་གི་རྣམ་པ་ཞིག་ང་ཚོའི་མིག་ལམ་དུ་ངང་གིས་འཆར་བའི་མོད་ལ། ཚ་བོ་ཚ་མོ་ཚོའང་རང་གི་བུ་ཕྲུག་བཞིན་སློབ་གྲྭར་གཏོང་བའི་ཁོང་གི་སེམས་ཤུགས་ཀྱིས་ང་ཚོར་དད་གུས་ཀྱི་བསམ་པ་ཞིག་འགོག་མེད་དུ་སྐྱེས།
གྲོང་ཚོའི་དཀྱིལ་དུ་ཆགས་པའི་བྱིས་གསོ་ཁང་གི་ཁང་བཟང་བ་གམ་གྲུ་བཞི་དེ་ཀུན་ལས་འབུར་དུ་ཐོན་ཞིང་། དེ་ནས་གྲགས་པའི་བྱིས་པ་ཚོའི་དགོད་སྒྲས་ལྷིང་འཇགས་ཀྱི་གྲོང་ཚོ་དེར་རེ་བ་དང་གསོན་ཤུགས་གསར་པ་ཞིག་སྣོན་བཞིན་འདུག
(དེ་བས་མང་བའི་ནང་དོན་ཤེས་འདོད་ན་རྩ་གཉིས་ཨང་རྟགས་འདི་བཤེར་རོགས)