དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་གུང་གསེང་རིང་རང་ལྗོངས་སུ་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་14.94བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-12

    གསར་འགོད་པར་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་ནས་ཤེས་རྟོགས་བྱུང་བར། ཟླ་10ཚེས་6ཉིན་བར། ལྗོངས་ཡོངས་ཀྱིས་ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་གུང་གསེང་རིང་རིམ་རྩིས་བརྒྱབ་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་285.25ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་14.94བྱུང་ཡོད། དེའི་ནང་ལྷ་སས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་ཁྱོན་མི་ཐེངས་ཁྲི་195.08ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་9.42བྱུང་ཡོད།

    འདི་ལོ་ཚུན་དུ། རང་སྐྱོང་ལྗོངས་ཀྱིས་G318+G219ལམ་ཐིག་གཙོ་བོར་བྱས་པའི་མཐའ་སྲུང་རིག་གནས་དང་། གྲོང་གསེབ་ཡུལ་སྐོར། སྐྱེ་ཁམས་ཡུལ་སྐོར། གསར་བརྗེའི་ཡུལ་སྐོར་སོགས་ཀྱི་ཡུལ་སྐོར་ཐོན་རྫས་མཁོ་སྤྲོད་དང་དྲིལ་བསྒྲགས་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། Aརིམ་པའི་མཛེས་ལྗོངས་ཁུལ་དང་། ཡུལ་སྐོར་ལས་དོན་ཁང་། སྐར་མ་རིམ་པའི་གསོལ་མགྲོན་ཁང(མགྲོན་ཁང)ཡུལ་སྐོར་འགྲུལ་སྐྱེལ་བཅས་ལ་བྱ་དགའི་ཁ་གསབ་སྤྲོད་པ་དང་ཕན་བདེའི་གཟིགས་སྐྱོང་བྱས་ནས། ལེགས་ཆའི་ཐོན་ཁུངས་བསྡུ་སྒྲིལ་ཧུར་ཐག་དང་ས་གནས་དེ་གའི་ཡུལ་སྐོར་ཐོན་རྫས་འབོར་ཆེན་བཏོན་པ་སྟེ། དཔེར་ན་གངས་ལྗོངས་སྐར་མའི་གོ་ལའི་གནམ་དཔྱད་ཉམས་ལེན་ཁང་དང་། བོད་ལྗོངས་གཡག་རྟེན་མཛོད་གླིང་། རྒྱལ་ཁབ་ཀྱི་A5རིམ་པའི་མཛེས་ལྗོངས་ཁུལ་བྲག་གསུམ་མཚོ་སོགས་རེད། ལྗོངས་ནང་ཁུལ་གྱི་གུང་གསེང་རིང་གི་ཡུལ་སྐོར་འཛད་སྤྱོད་ཁྲོམ་རའི་གསོན་ཤུགས་འཕེལ་ཆེད། ཟླ་9ཚེས་27ཉིན། རང་ལྗོངས་ཀྱིས《བྱ་ཐབས》བཏོན་ནས་མཚན་མོའི་དཔལ་འབྱོར་དང་གུང་གསེང་གི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་བརྒྱུད་བོད་ཀྱི་ཡུལ་སྐོར་དཔལ་འབྱོར་གྱི་ནང་ངོས་འཁོར་སྐྱོད་འཕེལ་རྒྱས་ལ་དེ་བས་རམ་འདེགས་ཐུབ་ཡོད། 

    གཞན་ཡང་། གྲོང་མི་དང་ཡུལ་སྐོར་བའི་འགྲོ་འོང་འགན་ལེན་བྱ་ཆེད། རང་ལྗོངས་ཀྱིས་དུས་ཆེན་གཉིས་རིང་རིམ་རྩིས་བྱས་ན་འགྲུལ་སྐྱེལ་རླངས་འཁོར་ཐེངས་11592བཏང་ནས། གཞུང་ལམ་དུ་འགྲུལ་པ་མི་ཐེངས་ཁྲི་23.21ལྷག་ཙམ་སྐྱེལ་འདྲེན་བྱས་པ་དང་། མེ་འཁོར་ནས་བོད་དུ་འགྲུལ་པ་མི་ཐེངས་ཁྲི་6.13ལྷག་ཙམ་དབོར་བ། དམངས་སྤྱོད་མཁའ་འགྲུལ་གྱི་དུས་གཏན་གནམ་གྲུ་ཐེངས་1463འབབ་འཕུར་བྱས་པ། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་17.5ལྷག་ཙམ་ཟིན་ཡོད། མཚོ་བོད་ཚོགས་པ་ཀུང་སི་དང་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་སོགས་ཀྱིས་སྐྱེལ་འདྲེན་ཇུས་གཞི་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་། སྐྱེལ་འདྲེན་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ། གནད་སྨིན་ཅན་དང་སྟབས་བསྟུན་ཅན་གྱི་སྒོ་ནས་སྐྱེལ་འདྲེན་བྱེད་ཤུགས་ལེགས་སྒྲིག་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་གྲོང་མི་དང་ཡུལ་སྐོར་བ་བདེ་བླག་དང་བདེ་འཇགས་ངང་འགྲོ་འོང་ཐུབ་པའི་འགན་ལེན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།