སྤྱིར་བཏང་མིན་པའི་ལོ་བཅུ་བརྒྱུད་ཀྲུང་གོའི་རང་མོས་ཚོང་དོན་ཚོད་ལྟ་ཁུལ་གྱི་སྒྱུར་བཅོས་ཀྱི་ཁེ་སྤོགས་ལས་འཛམ་གླིང་ལ་ཕན་པ་ཐོབ་པ།
2013ལོའི་ཟླ་9པའི་ཟླ་མཇུག་ཏུ་ཀྲུང་གོའི་རང་མོས་ཚོང་དོན་ཚོད་ལྟ་ཁུལ་ཐོག་མ་སྟེ། ཀྲུང་གོའི(ཧྲང་ཧའེ)རང་མོས་ཚོང་དོན་ཚོད་ལྟ་ཁུལ་སྒོ་བྱང་བཀལ་ནས་ལས་གཉེར་བྱེད་འགོ་ཚུགས་པ་རེད། ལོ་བཅུའི་རིང་། ཀྲུང་གོས་སྔ་རྗེས་སུ་རང་མོས་ཚོང་དོན་ཚོད་ལྟ་ཁུལ་21བཙུགས་ཏེ། ཤར་ལྷོ་ནུབ་བྱང་དབུས་བཅས་ལ་ཁྱབ་པ་དང་མཚོ་རྒྱུད་དང་། སྐམ་ས། མཐའ་ཁུལ་བཅས་སྤྱི་འདོམས་ཀྱི་སྒྱུར་བཅོས་སྒོ་དབྱེའི་རྣམ་པ་གསར་པ་ཞིག་ཆགས་ཡོད། རང་མོས་ཚོང་དོན་ཚོད་ལྟ་ཁུལ་དེ་དག་ལ་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྣེ་ཁྲིད་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་ཆེན་པོ་ཐོབ་ཡོད། དེ་ལས་བྱུང་བའི་སྒྱུར་བཅོས་སྒོ་དབྱེ་དང་གསར་གཏོད་ཀྱི་ཁེ་སྤོགས་ཀྱིས་འཛམ་གླིང་ལ་ཕན་པ་རྒྱུན་ཆད་མེད་པར་ཐོབ་ནས་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་གཏོད་པར་སྐུལ་འདེད་གཏོང་ཆེད་ཀྲུང་གོའི་ལེགས་སྐྱེས་ཕུལ་ཡོད།
ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྣེ་ཁྲིད་བྱས་པ།
ཀྲུང་གོའི་རང་མོས་ཚོང་དོན་ཚོད་ལྟ་ཁུལ་ནི་སྒྱུར་བཅོས་ཀྱི་ཚོད་ལྟའི་ཞིང་ས་ཡིན་ལ་སྒོ་དབྱེའི་སྐར་ཁུང་ཡང་ཡིན། ས་ཞིང་གཤིན་པོ་དེའི་ཐོག་ལམ་ལུགས་སྣ་ཚོགས་ཀྱི་གསར་གཏོད་གཅིག་རྗེས་གཉིས་མཐུད་ངང་ཐོན་ཡོད། ལོ་བཅུའི་རིང་། རང་མོས་ཚོང་དོན་ཚོད་ལྟ་ཁུལ་21གིས་རིམ་རྩིས་བྱས་ན་སྒྱུར་བཅོས་ཀྱི་ཚོད་ལྟའི་ལས་འགན་3400ལྷག་ཙམ་བཀོད་སྒྲིག་བྱས་པ་དེ་མ་འཇོག་ཚོང་དོན་རང་མོས་ཅན་དང་སྟབས་བདེ་ཅན་དང་། དངུལ་རྩའི་ཞབས་ཞུའི་དངོས་ཚན་དཔལ་འབྱོར། སྲིད་གཞུང་གི་འགན་ནུས་འགྱུར་ལྡོག་སོགས་དང་འབྲེལ་བ་ཡོད་པས་ཅུང་འཐུས་སྒོ་ཚང་བའི་རང་མོས་ཚོང་དོན་ཚོད་ལྟ་ཁུལ་གྱི་སྲིད་ཇུས་དང་ལམ་ལུགས་ཀྱི་སྒྲོམ་གཞིའི་མ་ལག་ཅིག་ཆགས་ཡོད་པ་རེད།
ཆི་ལིའི་ཐར་ཁཱ་སློབ་ཆེན་གྱི་དཔལ་འབྱོར་རིག་པ་མཁས་ཅན་ཁཱ་ལིན་ནཱ·ཕི་ཉི་ཡས་རང་མོས་ཚོང་དོན་ཚོད་ལྟ་ཁུལ་འཛུགས་རྒྱུ་ནི་ཀྲུང་གོས་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད། རང་མོས་ཚོང་དོན་ཚོད་ལྟ་ཁུལ་འཕེལ་རྒྱས་བཏང་བ་བརྒྱུད་ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བའི་ཆོད་སེམས་དང་ལྷག་བསམ་འཛམ་གླིང་གིས་དངོས་འབྲེལ་ཚོར་ཐུབ་པ་བྱུང་ཡོད་ཅེས་བརྗོད་པ་རེད།
ལོ་བཅུའི་རིང་། ཀྲུང་གོའི་རང་མོས་ཚོང་དོན་ཚོད་ལྟ་ཁུལ་གྱིས་མ་འཇོག་དང་ཚོང་དོན་རང་མོས་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་བློ་ཁོག་ཆེན་པོས་གསར་གཏོད་བྱས་ཡོད། རྒྱལ་ཡོངས་ཀྱི་ཕྱི་རྒྱལ་ཚོང་པའི་མ་འཇོག་ཆོག་འཐུས་ཀྱི་བཀག་རྒྱའི་གསལ་ཐོ་དང་པོ་བཏོན་པ་ནས་རྒྱལ་ཡོངས་ཀྱི་རྒྱལ་སྤྱིའི་ཚོང་དོན་གྱི“སྐར་ཁུང་རྐྱང་པ”དང་པོ་དྲ་ཞུགས་བྱས་པའི་བར་དང་། རང་མོས་ཚོང་དོན་གྱི་རྩིས་ཐོ་ཁག་དང་པོ་བཙུགས་པ་ནས་རྒྱལ་ཡོངས་ཀྱི་ཕྱི་རྒྱལ་ཚོང་པའི་མ་རྩ་ཁེར་འཇོག་སྨན་ཁང་ཨང་དང་པོ་དང་ཕྱི་རྒྱལ་ཚོང་པའི་མ་རྩ་ཁེར་འཇོག་རླངས་འཁོར་བཟོ་སྐྲུན་ཁེ་ལས་ཨང་དང་པོ་བཙུགས་པའི་བར་སོགས་རང་མོས་ཚོང་དོན་ཚོད་ལྟ་ཁུལ་གྱིས་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་འཕེལ་རིམ་ཁྲོད་ཀྱི“ཨང་དང་པོ”མང་པོ་བཏོད་པ་དང་ལམ་ལུགས་གསར་གཏོད་ཁག་རེ་རེ་རང་མོས་ཚོང་དོན་ཚོད་ལྟ་ཁུལ་ནས་རྒྱལ་ཡོངས་སུ་ཁྱབ་གདལ་བཏང་སྟེ་ཕྱོགས་ཡོངས་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེའི་རྣམ་པ་གསར་པ་གཏོད་རྒྱུར་སྐུལ་འདེད་བཏང་ཡོད།
སིང་ཀ་ཕོར་རྒྱལ་བཙུགས་སློབ་ཆེན་ལི་ཀོང་ཡའོ་སྤྱི་པའི་སྲིད་ཇུས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་གཞོན་པ་ཀུའུ་ཆིང་དབྱང་གིས། རང་མོས་ཚོང་དོན་ཚོད་ལྟ་ཁུལ་གྱིས་ཀྲུང་གོའི་ཕྱོགས་ཡོངས་ཀྱི་སྒོ་དབྱེའི་རྣམ་པ་ཆགས་པར་སྐུལ་འདེད་ནུས་ལྡན་ཐེབས་ཡོད། འབྱུང་འགྱུར་རང་མོས་ཚོང་དོན་ཚོད་ལྟ་ཁུལ་དེ་ཉིད་འཛམ་གླིང་གིས་ཀྲུང་གོའི་འཕེལ་རྒྱས་ཀྱི་ཁེ་སྤོགས་ལོངས་སྤྱོད་གང་ལེགས་ཐུབ་པ་དང་ཐུན་མོང་ཐོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཐོ་ས་གསར་པ་ཞིག་ཏུ་འགྱུར་རྒྱུ་རེད་ཅེས་བརྗོད་པ་རེད།
འཛམ་གླིང་དང་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་པ།
ད་ཆ་ཀྲུང་གོའི་རང་མོས་ཚོང་དོན་ཚོད་ལྟ་ཁུལ་དེ་ཉིད་ཕྱི་རྒྱལ་ཚོང་པའི་མ་འཇོག་དང་འཕེལ་རྒྱས་ཀྱི་ཞིང་ས་གཤིན་པོ་ཞིག་ཏུ་གྱུར་ཡོད། འདི་ལོའི་ལོ་སྟོད་དུ་རང་མོས་ཚོང་དོན་ཚོད་ལྟ་ཁུལ་གྱིས་སྟོང་ཆ་བཞི་ཡང་མི་ཟིན་པའི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱིས་རྒྱལ་ཡོངས་ཀྱི་18.4%བཟུང་བའི་ཕྱི་རྒྱལ་ཚོང་པའི་མ་འཇོག་དང་ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན་18.6%ལ་ལེགས་སྐྱེས་ཕུལ་བ་དང་། རང་མོས་ཚོང་དོན་ཚོད་ལྟ་ཁུལ་21གིས་དངོས་སུ་སྤྱད་པའི་ཕྱི་དངུལ་སྒོར་དུང་ཕྱུར་1296.6ཟིན་པ་དེ་དུས་མཚུངས་ལས་8.2%འཕར་ཡོད་པ་རེད། ཁེ་ལས་སྔར་ལས་མང་བས་དེ་གར་སྲིད་ཇུས་ཀྱི་ཁེ་སྤོགས་དེ་འཕེལ་རྒྱས་ཀྱི་གོ་སྐབས་སུ་སྒྱུར་བཞིན་ཡོད་པ་རེད།
རི་པིན་གྱི་ཚོང་དོན་དར་རྒྱས་སྒྲིག་གཞིའི་ཁྲེང་ཏུའུ་འཐུས་ཚབ་ཁྲུའི་དབུ་བཞུགས་འཐུས་མི་སེན་ཡུང་ཀྲེང་ཡུས་ཀྱིས། རང་མོས་ཚོང་དོན་ཚོད་ལྟ་ཁུལ་བཙུགས་པ་དེས་ཀྲུང་གོ་དང་རི་པིན་གྱི་ཞབས་ཞུའི་ཚོང་དོན་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་ཐེབས་ཡོད། རང་མོས་ཚོང་དོན་ཚོད་ལྟ་ཁུལ་གྱིས་བཀག་རྒྱ་གསལ་ཐོའི་ལམ་ལུགས་སྤྱད་དེ་ཕྱི་རྒྱལ་ཚོང་པའི་མ་འཇོག་ལ་དོ་དམ་བྱས་པ་དང་། དེབ་སྐྱེལ་ལམ་ལུགས་ལ་ཐོ་འགོད་ལམ་ལུགས་སྤྱོད་པ་ལས་ཆོག་འཐུས་ལམ་ལུགས་སྤྱོད་ཀྱི་མེད། དངུལ་རྩའི་ཁྱབ་ཁོངས་སུ་ཕྱི་རྒྱལ་མ་དངུལ་གྱི་ཚོད་འཛིན་བྱེད་ཤུགས་ལྷུག་ཏུ་བཏང་ཡོད། བྱེད་ཐབས་དེ་དག་ལས་ཕྱི་རྒྱལ་གྱི་མ་དངུལ་ཀྲུང་གོའི་འཕེལ་རྒྱས་དང་དེ་བཞིན་ཀྲུང་གོའི་རྒྱལ་སྤྱིའི་ཚོང་དོན་ནང་གཏིང་ཟབ་ཞུགས་རྒྱུར་དགེ་མཚན་ལྡན་པའི་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད་ཅེས་བརྗོད་པ་རེད།
ཧྲང་ཧའེ་རང་མོས་ཚོང་དོན་ཚོད་ལྟ་ཁུལ་ལིན་ཀང་གླིང་ཁུལ་གསར་པའི་ཐེ་སི་ལ་ཧྲང་ཧའེ་རིམ་འདས་བཟོ་གྲྭར་ཉེ་ཆར་རླངས་འཁོར་ཁྲི་200ཐོན་སྐྱེད་བྱེད་འགོ་ཚུགས་ཡོད། 2019ལོའི་ཟླ་1པོར་ལས་འགོ་ཚུགས་པ་ནས་2022ལོའི་ཟླ་8པར་རླངས་འཁོར་ཁྲི་100བཟོས་ཟིན་པ་དང་། དེ་ནས་འདི་ལོའི་ཟླ་9པར་རླངས་འཁོར་ཁྲི་200བཟོས་ཟིན་ནས་སྤུས་ལེགས་ཀྱི་ཚོང་གཉེར་ཁོར་ཡུག་གིས་ཁེ་ལས་དེས་ཐོན་སྐྱེད་ལས་ཕྱོད་ཀྱི་ཟིན་ཐོ་གསར་པ་གཏོད་པར་རམ་འདེགས་བྱས་ཡོད་པ་རེད།
ཨེ་ཅིབ་ཀྱི་ཨའེ་དབྱིན་ཧྲ་མུའུ་སི་སློབ་ཆེན་རྒྱ་ཡིག་ཚན་ཁག་གི་དགེ་རྒན་ཆེ་མོ་བ་ནཱ་སེར·ཨ་པུའུ་ཏུའུ་ལེ-ཨ་ལེས། ཀྲུང་གོའི་རང་མོས་ཚོང་དོན་ཚོད་ལྟ་ཁུལ་གྱིས་རྒྱལ་སྤྱིའི་ཀུང་སི་ཆེ་གྲས་ཀྱིས་ཀྲུང་གོར་མ་འཇོག་དང་ཁྲོམ་ར་རྒྱ་ཆེར་གཏོང་རྒྱུར་ལས་སྟེགས་མཁོ་འདོན་བྱས་ཡོད། ལོ་བཅུའི་རིང་གི་འཕེལ་རྒྱས་བརྒྱུད། རང་མོས་ཚོང་དོན་ཚོད་ལྟ་ཁུལ་གྱིས་འཛམ་གླིང་ལ་ཀྲུང་གོ་དང་རྒྱལ་ཁབ་གཞན་དག་དབར་གྱི་མཉམ་ལས་རྒྱ་ཆེར་གཏོང་བ་དང་འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་ཐོན་པ་ར་སྤྲོད་བྱས་ཡོད་ཅེས་བརྗོད་པ་རེད།
སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་གཏོད་ཆེད་ལེགས་སྐྱེས་ཕུལ་བ།
རྒྱལ་སྤྱིའི་ལྟ་ཞིབ་མི་སྣས། ཀྲུང་གོའི་རང་མོས་ཚོང་དོན་ཚོད་ལྟ་ཁུལ་ནི་གོ་ལ་ཧྲིལ་པོའི་རང་མོས་ཚོང་དོན་གླིང་ཁུལ་འཕེལ་རྒྱས་ལོ་རྒྱུས་ཐོག་གི་གསར་གཏོད་གལ་ཆེན་ཞིག་ཡིན་པ་དེའི་ཚོང་དོན་སྟབས་བདེ་ཅན་གྱི་ལག་ལེན་གྱིས་གོ་ལ་ཧྲིལ་པོའི་ཕྱི་ཕྱོགས་ཚོང་དོན་བཅོས་སྐྱོང་བྱེད་སྟངས་གསར་གཏོད་དང་འཕེལ་རྒྱས་ལ་རྒྱབ་སྐྱོར་གལ་ཆེན་བྱས་པ་དང་། འཛམ་གླིང་རྒྱལ་ཁབ་ཁག་གིས་རང་རྟེན་སྒོ་མོ་དབྱེ་རྒྱ་ཆེ་རུ་བཏང་བ་བརྒྱུད་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་གཏོད་པར་སྐུལ་འདེད་གཏོང་ཆེད། ཀྲུང་གོའི་ཇུས་གཞི་མཁོ་འདོན་བྱས་ནས་གསར་གཏོད་རང་བཞིན་གྱི་ལེགས་སྐྱེས་ཕུལ་ཡོད་པའི་ངོས་འཛིན་བྱས་པ་རེད།
ཕི་ཉི་ཡ་ཡིས། ཀྲུང་གོའི་རང་མོས་ཚོང་དོན་ཚོད་ལྟ་ཁུལ་གྱིས་རང་ངོས་ཀྱི་ས་བབ་ལེགས་ཆ་གཞིར་བཟུང་འཐབ་ཇུས་ཇུས་འགོད་བྱེད་པ་དང་ཚོང་དོན་རང་མོས་ཅན་ལ་བརྟེན་ནས་ཀྲུང་གོ་དང་ཉེ་འཁོར་ས་ཁུལ་གྱི་ཚོང་ཟོག་དང་། མ་རྩ། ལག་རྩལ་བཅས་འཁོར་སྐྱོད་ལ་སྐུལ་འདེད་བཏང་སྟེ་ས་ཁོངས་ཀྱི་དཔལ་འབྱོར་འཕར་རྒྱུ་དང་མཉམ་ལས་བྱ་རྒྱུར་སྐུལ་ཁྲིད་བྱས་ཡོད་ཅེས་བརྗོད་པ་རེད།
སེན་ཡུང་ཀྲེང་ཡུས་ཀྱིས། ཀྲུང་གོའི་རང་མོས་ཚོང་དོན་ཚོད་ལྟ་ཁུལ་སྐྲུན་རིང་བསགས་པའི་ཉམས་མྱོང་ནི་འཛམ་གླིང་ལ་མཁོ་བ་ཞིག་རེད། སླད་ཕྱིན་ཀྲུང་གོའི་ཆུ་ཚད་མཐོ་བའི་རང་མོས་ཚོང་དོན་ཚོད་ལྟ་ཁུལ་གྱི་ལམ་ལུགས་དེ་བས་རྒྱ་ཆེ་བའི་ས་ཁུལ་དང་ལས་རིགས་སུ་སྤྱོད་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བརྗོད་པ་རེད།
“གོ་ལ་ཧྲིལ་པོ་ཅན་གྱི་གདོང་ལྷགས་ཇི་ཙམ་ཤུགས་ཆེར་ཕྱིན་ཚེ་ཀྲུང་གོའི་སྒོ་དབྱེའི་ཆུ་ཚད་དེ་ཙམ་གྱིས་སྐས་རིམ་གསར་པ་ཞིག་ཏུ་སླེབས་དགོས། སྤུས་ཚད་མཐོ་པོས་རང་མོས་ཚོང་དོན་ཚོད་ལྟ་ཁུལ་འཕེལ་རྒྱས་བཏང་བ་བརྒྱུད་འཛམ་གླིང་འདི་ཉིད་གཉིས་ཁེ་མཉམ་ལས་ཀྱི་རྒྱུན་གཏན་གྱི་སྲོལ་ལམ་ཐོག་བསྐྱོད་རྒྱུར་ཀྲུང་གོས་སྐུལ་འདེད་གཏོང་བཞིན་ཡོད། འབྱུང་འགྱུར་ལ་རྒྱང་ལྟ་བྱས་ན། རང་མོས་ཚོང་དོན་ཚོད་ལྟ་ཁུལ་གྱིས་ཕྱོགས་ཁག་གི་སྟོབས་ཤུགས་མུ་མཐུད་གཅིག་ཏུ་བསྒྲིལ་ནས་རྒྱལ་ཁབ་ཁག་གི་སྒོ་དབྱེ་མཉམ་ལས་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ཡིད་ཆེས་ཡོད”ཅེས་ཀུའུ་ཆིང་དབྱང་གིས་བརྗོད་པ་རེད།