ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་སྤྱི་ཚོཊ་རིང་ལུགས་ཀྱི་དེང་རབས་ཅན་ཡིན།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་དང་། སྐུལ་འདེད། གསར་གཏོད་བཅས་བྱས་པ་ཞིག་རེད། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ཀྱི་སྣེ་ཁྲིད་དེ་མི་རིགས་རང་བཙན་ཐུབ་མ་ཐག་དེང་རབས་ཅན་མངོན་འགྱུར་ཡོང་ཆེད་འབད་བརྩོན་བྱེད་འགོ་བརྩམས་པ་དང་། དཀའ་ཚེགས་ཆེ་བའི་འཚོལ་ཞིབ་དང་ལག་ལེན་བྱས་མཐར་ཀྲུང་གོའི་དོན་དངོས་དང་མཐུན་ཞིང་ཀྲུང་གོའི་ཁྱད་ཆོས་ཀྱི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བཏོད་ཡོད། ཀྲུང་གོ་གུང་ཁྲན་ཏང་མེད་ན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཡོད་མི་སྲིད་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཐོབ་པའི་རླབས་ཆེན་གྱི་གྲུབ་འབྲས་ཀྱང་ཡོད་མི་སྲིད་པ་ལོ་རྒྱུས་ཀྱི་ཐོག་ནས་ར་སྤྲོད་གང་ལེགས་ཐུབ་ཡོད།
ཏང་གི་འགོ་ཁྲིད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་བོ་དང་ཁ་ཕྱོགས་གཏན་འཁེལ་བྱས་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་མར་ཁེ་སི་རིང་ལུགས་མཛུབ་ཁྲིད་དུ་བྱས་ནས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་ལ་ཟམ་མི་ཆད་པར་སྐུལ་འདེད་བཏང་བ་དེས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཚན་རིག་དང་མཐུན་པའི་ཁྲིད་སྟོན་བྱས་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དུ་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་པ་དེས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཡིན་པ་ལས་དེང་རབས་ཅན་གཞན་དག་གང་ཡང་མིན་པ་གཏན་འཁེལ་བྱས་ཡོད། དེས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་སྲོལ་ལམ་ཐོག་མདུན་སྐྱོད་བྱེད་པའི་འགན་ལེན་བྱས་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱུན་སྲིང་ལྷོད་མེད་ངང་སྒྱུར་བཅོས་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་ཟམ་མི་ཆད་པར་སྐུལ་འདེད་གཏོང་བ་བཅས་བྱས་པ་ལས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་རྩ་བའི་སྒུལ་ཤུགས་དང་ལམ་ལུགས་ཀྱི་འགན་ལེན་བརྟན་པོ་མཁོ་འདོན་བྱས་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ཚེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གཞི་ནས་བརྟན་བགྲོད་རྒྱང་འཁྱོལ་ཐུབ་པ་དང་ཇི་ཙམ་སྐྱོད་པ་དེ་ཙམ་གྱིས་ལེགས་སུ་འགྲོ་བ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ཚེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གཞི་ནས་ཁ་ཕྱོགས་མི་འཛོལ་བ་དང་རྩ་སློག་རང་བཞིན་གྱི་ནོར་འཁྲུལ་ཡང་ཤོར་མི་སྲིད།
ཏང་གི་འགོ་ཁྲིད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་ཆེན་པོ་གོང་བུ་གཅིག་ཏུ་བསྒྲིལ་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དེ་མི་དམངས་དུང་ཕྱུར་དུ་མའི་རང་ཉིད་ཀྱི་བྱ་གཞག་ཏུ་བརྩིས་ནས་མི་དམངས་ལ་དམ་པོར་བརྟེན་པ་དང་། མི་དམངས་སྐུལ་སློང་གང་ལེགས་བྱེད་པ། མི་དམངས་ཀྱི་གསར་གཏོད་སྙིང་སྟོབས་ལ་བརྩི་འཇོག་བྱེད་པ། མི་དམངས་ཡོངས་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་བཅས་བྱས་ནས། མི་དམངས་ཀྱི་སྣེ་ཁྲིད་དེ་བདག་པོའི་སྙིང་སྟོབས་ཐོག་ནས་སྤྲོ་སེམས་འཁོལ་པོས་དེང་རབས་ཅན་འཛུགས་སྐྲུན་ནང་ཞུགས་ཀྱི་ཡོད། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་མཐུན་སྒྲིལ་དང་། སྤྱི་ཚོགས་ཡོངས་ཀྱི་ལས་རིགས་ཁག་གི་མི་རྣམས་མཐུན་སྒྲིལ། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་རྣམས་མཐུན་སྒྲིལ་བཅས་བྱས་ཚེ། འགོག་ཐབས་བྲལ་བའི་སྟོབས་ཤུགས་ཆེན་པོ་ཞིག་གཅིག་ཏུ་བསྒྲིལ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐྱོད་པར་སྐུལ་འདེད་གཏོང་ཐུབ།
ཏང་གི་འོད་སྟོང་མཐའ་མཚམས་ཕྱོགས་ལ་འཕྲོ་བ་དང་མཐའ་མཚམས་མི་དམངས་ཀྱི་སེམས་པ་ཏང་ལ་ཕྱོགས། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་དང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས། ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བ་དང་ནུས་པ་གང་ཡོད་བཏོན་ནས་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་དགོས།