རང་རྒྱལ་དུ་གྲོང་ཁྱེར་དང་གྲོང་གསེབ་དང་གཙོ་གནད་ཁྱབ་ཁོངས་ལ་ཁྱབ་པའི་འདུམ་འགྲིག་རྩ་འཛུགས་ཀྱི་དྲ་རྒྱ་གཞི་རྩའི་ཆ་ནས་གྲུབ་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཚེས་7ཉིན་གསར་འགོད་པར་ཁྲིམས་འཛིན་པུའུ་ནས་ཤེས་རྟོགས་བྱུང་བར། 2022ལོར། རྒྱལ་ཡོངས་མི་དམངས་འདུམ་འགྲིག་རྩ་འཛུགས་ཀྱིས་འགལ་ཟླ་དང་རྩོད་གཞི་ཁག་ཁྲི་1494འདུམ་འགྲིག་བྱས་ཤིང་། གྲོང་ཁྱེར་དང་གྲོང་གསེབ་དང་གཙོ་གནད་ཁྱབ་ཁོངས་ལ་ཁྱབ་པའི་འདུམ་འགྲིག་རྩ་འཛུགས་དྲ་རྒྱ་གཞི་རྩའི་ཆ་ནས་གྲུབ་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོ་ཚུན་དུ། ཁྲིམས་འཛིན་པུའུ་སོགས་སྡེ་ཚན་དྲུག་གིས《མི་དམངས་འདུམ་འགྲིག་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ་དང《མི་སྒེར་གྱི་འདུམ་འགྲིག་ལས་དོན་ཁང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཁྲིམས་འཛིན་པུའི་མཛུབ་ཁྲིད་བསམ་འཆར》དང་ཁྲིམས་འཛིན་སྲིད་འཛིན་ལས་རིགས་ཀྱི་ཚད་གཞི་ཡིན་པའི《རྒྱལ་ཡོངས་མི་དམངས་འདུམ་འགྲིག་ལས་དོན་ཚད་གཞི》སོགས་བཏོན་ནས། མི་དམངས་འདུམ་འགྲིག་ལས་དོན་ལམ་ལུགས་ཅན་དང་ཚད་ལྡན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད། མིག་སྔའི་བར་རྒྱལ་ཡོངས་སུ་མི་དམངས་འདུམ་འགྲིག་པ་ཁྱོན་ཁྲི་317.6ཡོད་པའི་ནང་ཆེད་བསྐོས་འདུམ་འགྲིག་པ་ཁྲི་41.2ཡོད་པ་དང་། ས་གནས་ཁག་གིས་མི་སྒེར་གྱི་འདུམ་འགྲིག་ལས་དོན་ཁང་ཁྲི་1.7བཙུཊ་ནས། རྒྱལ་ཡོངས་ཀྱི་རྫོང་རིམ་པ་ཡན་གྱི་སྲིད་འཛིན་ས་ཁོངས་2890ལ་ཁྲིམས་རྩོད་པའི་འདུམ་འགྲིག་ཚོད་ལྟའི་ལས་དོན་སྤེལ་བ་དང་། ཁྲིམས་རྩོད་པའི་འདུམ་འགྲིག་ལས་དོན་ཁང(ལྟེ་གནས)ཁྲི་1.3ཡོད། མི་དམངས་འདུམ་འགྲིག་རྨང་གཞིར་བྱས་པའི་མི་དམངས་འདུམ་འགྲིག་དང་། སྲིད་འཛིན་འདུམ་འགྲིག ལས་རིགས་རང་བཞིན་དང་ཆེད་ལས་རང་བཞིན་གྱི་འདུམ་འགྲིག ཁྲིམས་འཛིན་འདུམ་འགྲིག་བཅས་ཀྱི་ལེགས་ཆ་གསབ་རེས་དང་། འབྲེལ་མཐུད་དམ་ཟབ། མཐུན་སྦྱོར་མཉམ་འགུལ་བཅས་བྱེད་པའི་འདུམ་འགྲིག་ཆེན་པོའི་ལས་ཀའི་རྣམ་པ་ཞིག་གཞི་རྩའི་ཆ་ནས་གྲུབ་ཡོད་པ་རེད།
འགལ་ཟླ་དང་རྩོད་གཞི་སེལ་བའི་དགོས་མཁོ་དང་འཚམ་ཆེད། ཉེ་བའི་ལོ་ཤས་རིང་ཁྲིམས་འཛིན་པུས་སྨན་བཅོས་དང་། འགྲོ་ལམ་འགྲིམ་འགྲུལ། ངལ་རྩོལ་རྩོད་གཞི། སྡེ་ལས་སོགས་ལས་རིགས་ཀྱི་ཆེད་ལས་ཁྱབ་ཁོངས་ཀྱི་འདུམ་འགྲིག་ལས་དོན་ལ་རྒྱུན་མཐུད་སྐུལ་འདེད་བཏང་བ་དང་ཆབས་ཅིག དྲ་སྦྲེལ་དང་། ཤེས་བྱའི་བདག་དབང་། དངུལ་རྩའི་འགན་བཅོལ། འཛད་སྤྱོད་ཡུལ་སྐོར་སོགས་ཀྱི་ཁྱབ་ཁོངས་སུ་རྒྱ་སྐྱེད་བཏང་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། རྒྱལ་ཡོངས་སུ་ལས་རིགས་རང་བཞིན་དང་ཆེད་ལས་རང་བཞིན་གྱི་མི་དམངས་འདུམ་འགྲིག་རྩ་འཛུགས་ཁྲི་4.8བཙུགས་ཡོད། ཧྲང་ཧའེ་དང་། ཀོང་ཏུང་། ཧའེ་ནན་སོགས་ས་ཆར་རྒྱལ་སྤྱིའི་ཚོང་དོན་འདུམ་འགྲིག་རྩ་འཛུགས་ཁག་གཅིག་བཙུགས་ནས“རྒྱུད་གཅིག་ལམ་གཅིག”དང་། གཡོད་ཀང་ཨའོ་ཁུག་ཆེན་ཁུལ། ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ། ས་གནས་ཁག་གི་རང་མོས་ཚོང་དོན་ཁུལ་བཅས་འཛུགས་སྐྲུན་ལ་རང་འགུལ་ངང་ཞབས་འདེགས་ཞུས་ཏེ་ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་བཏང་ཡོད་པ་རེད།
ལག་ལེན་ཁྲོད་ད་དུང་ས་གནས་ཁག་གིས་གཏུག་བཤེར་འདུམ་འགྲིག་དང་། ཐ་ཚིག་སྒྲོག་པའི་འདུམ་འགྲིག འཚམས་འདྲིའི་འདུམ་འགྲིག་སོགས་ལ་ཤུགས་སྣོན་རྒྱག་རྒྱུའི་འབྲེལ་མཐུད་མཉམ་འགུལ་ལས་དོན་ལམ་སྲོལ་གྱི་བསམ་འཆར་ཡོངས་ཁྱབ་ངང་བཏོན་ནས། གཞི་རྟེན་གསར་པ་དང་། ལག་རྩལ་གསར་པ། བྱ་ཐབས་གསར་པ་བཅས་གང་ལེགས་སྤྱད་དེ་འདུམ་འགྲིག་ལས་དོན་གསར་གཏོད་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད་པ་རེད།