དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སློབ་ཁྲིད་དང་སློབ་མར་དགའ་ཞིང་ལེགས་སྐྱེས་འབུལ་འདོད་ཆེ།

    —— སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཀྲང་ཧྥན།   |     སྤེལ་དུས།  2023-10-09

    2001ལོར་ལོ་20ཙམ་ལ་སླེབས་པའི་ཀྲང་ཡུས་གུན་གྱིས་གྲོང་ཁྱེར་དུ་ལས་ཀ་བྱ་རྒྱུའི་གོ་སྐབས་བློས་བཏང་བ་དང་། ཧོ་ནན་ཧྥུའུ་ཉིའུ་རི་ཁུལ་གྱི་སློབ་ཆུང་ཞིག་ཏུ་བསྐྱོད་དེ་གྲོང་གསེབ་ཀྱི་དགེ་རྒན་ཞིག་བྱས། “ཕྲུ་གུ་ཚོ་རི་ཁུལ་ནས་དོན་ཐུབ་པའི་ཕུགས་འདུན”ཆེད། ཁོང་གིས་རི་ཁུལ་དུ་གཞི་ཚུགས་པ་དང་འཆད་ཁྲིད་སྟེགས་བུ་བརྟན་སྲུང་བྱས་ཏེ། རང་ཉིད་སློབ་ཁྲིད་ཐུབ་པ་དང་། ལྟོ་བཟོ་ཐུབ་པ། འཚེམ་བཟོ་ཐུབ་པ། སྨན་བཅོས་ཐུབ་པ་བཅས་ཀྱི“མཁོ་ཆོད་རྣམ་པའི”དགེ་རྒན་ཞིག་ཏུ་སྦྱོང་བརྡར་བྱས་ནས་བྱམས་བརྩེའི་ངང་གྲོང་གསེབ་ཀྱི་ཕྲུ་གུ་ཚོ་འཚར་ལོངས་ཡོང་རོགས་བྱས་ཡོད། 2006ལོའི་གོང་སློབ་གྲྭ་ནས་རི་ཁུལ་ཕྱིར་རླངས་འཁོར་ཤར་གཏོང་ཐུབ་མེད་པས། ཁོང་གིས་ཕྲག་ཤིང་ལ་བརྟེན་ནས་སློབ་སྦྱོང་དང་འཚོ་བའི་མཁོ་ཆས་རི་ཁུལ་དུ་དབོར་བ་དང་དེ་ལྟར་བྱས་ནས་ལོ་5ལྷག་ཙམ་ཕྱིན། ཉེ་ཆར། “དུས་རབས་ཀྱི་དཔེ་བཟང”ཀྲང་ཡུས་གུན་གྱི་བྱས་རྗེས་གློག་བརྙན་དུ་སྒྲིག་བཟོ་བྱས་པ་དང་། ལྟད་མོ་བ་ཚོར་སེམས་འགུལ་ཟབ་མོ་ཐེབས་ཡོད།

    ཀྲང་ཡུས་གུན་དང་འདྲ་བའི་མི་དམངས་ཀྱི་དགེ་རྒན་གྲངས་མེད་ཡོད། ཁོང་ཚོ་སློབ་གསོར་དགའ་ཞེན་དང་སློབ་མར་དགའ་པོ་ཡོད། ཚེ་གང་འཆད་ཁྲིད་སྟེགས་བུར་སྐད་གྲགས་མེད་པར་ལེགས་སྐྱེས་ཕུལ་ཞིང་། ལ་ལས་སློབ་མ་ཚོར་དཀའ་ཉེན་འཕྲད་སྐབས་ཐེ་ཚོམ་མེད་པར་རོགས་རམ་བྱེད་པ་དང་། ལ་ལས་རང་ཉིད་ཀྱི་ཡོང་འབབ་དམའ་ཡང་སློབ་སྐྱོར་ཞལ་འདེབས་འབུལ་རྒྱུ་མཐའ་འཁྱོངས་བྱེད། ལ་ལས་དབང་སྐྱོན་ཡིན་ཡང་ལས་གནས་བརྟན་སྲུང་བྱེད། ཁོང་ཚོས་དཔྱིད་ཀྱི་དར་འབུ་དང་མུན་པའི་ཁྲོད་ཀྱི་སྒྲོན་མེ་ལྟར་དུ་མི་ཡུལ་གྱི་བརྩེ་སེམས་ཆེན་པོ་མཚོན་པར་བྱེད་པ་དང་ཐུན་མོང་ཐོག་དགེ་རྒན་ཞེས་པའི་ལས་རིགས་ཚོགས་སྤྱི་དེའི་སྙིང་སྟོབས་ཀྱི་གཞི་མདངས་བཏོད་ཡོད། མི་རིང་བའི་གོང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན་འཐུས་མིར་འཕྲིན་ཡིག་སྤྲིངས་ནས་ཀྲུང་གོར་དམིགས་བསལ་དུ་ཡོད་པའི་སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་རྒྱས་བཤད་གཏིང་ཟབ་གནང་བ་རེད། སློབ་ཁྲིད་ལ་སྤྲོ་བ་དང་སློབ་མར་དགའ་ཞིང་ལེགས་སྐྱེས་འབུལ་འདོད་ཆེ་བའི་བྱམས་བརྩེའི་སེམས་པ་ནི་དེའི་ཁྲོད་ཀྱི་ཕྱོགས་གལ་ཆེན་ཞིག་རེད།

    བྱམས་བརྩེ་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་ཞིག་ཡིན་ལ། གནའ་སྔ་མོ་ནས་བཟུང་དགེ་རྒན་གྱི་སྤྱོད་ཚུལ་རྒྱུན་འཛིན་བྱེད་པའི་བསམ་པའི་སྙིང་དོན་གལ་ཆེན་ཞིག་ཀྱང་རེད། སློབ་གསོ་མཁས་ཅན་ཤ་མན་ཙུན་གྱིས“བརྩེ་སེམས་མེད་ན་སློབ་གསོ་མེད”ཅེས་མྱོང་ཚོར་ཟབ་མོའི་ངང་བརྗོད་པ་རེད། སློབ་གསོའི་ཁྲོད་དུ་བརྩེ་སེམས་ནི་གལ་འགངས་ཤིན་ཏུ་ཆེ་བའི་རྒྱུ་མཚན་གང་ཡིན་ནམ། དོན་དངོས་ཐོག་སློབ་མ་ཚོའི་གཤིས་ཀ་དང་། དགའ་ཕྱོགས། རྣམ་འགྱུར། དགེ་མཚན། ཁྱིམ་ཚང་གི་གནས་ཚུལ། སློབ་སྦྱོང་གི་གནས་ཚུལ་སོགས་གཅིག་མཚུངས་མིན། དགེ་རྒན་ལ་བྱམས་བརྩེའི་སེམས་པ་ལྡན་ཚེ་གཞི་ནས་སློབ་མ་རེ་རེར་བརྩི་འཇོག་དང་། བསམ་ཤེས། ཁོང་ཡངས་བཅས་ཐུབ་ལ། སློབ་མ་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྣང་ཆེན་གྱིས་གསོ་སྐྱོང་ཞིབ་ཚགས་དང་ངང་རྒྱུད་རིང་པོས་ཁྲིད་སྟོན་བྱས་ཏེ། སློབ་མ་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུར་སྲུང་སྐྱོང་བྱེད་ཐུབ། སློབ་གསོའི་ངོ་བོའི་ཐོག་ནས་བལྟས་ན། སློབ་གསོ་ནི་ཤེས་བྱ་བརྒྱུད་སྤྲོད་དང་བློ་སྒོ་འབྱེད་པ་ཞིག་ཡིན་པ་མ་ཟད། ད་དུང་ཀུན་སྤྱོད་ཀྱི་བློ་སྦྱོང་དང་སེམས་ཁམས་གཏོད་པ་ཞིག་ཀྱང་རེད། དགེ་རྒན་གྱིས་སྒེར་སེམས་མེད་པའི་གཅེས་སེམས་བཅངས་ཚེ་བརྩེ་སེམས་ལ་བརྟེན་ནས་བརྩེ་སེམས་སྐྱེད་སྲིང་དང་། བརྩེ་སེམས་འཕེལ་བ། བརྩེ་སེམས་བརྒྱུད་སྤྲོད་བཅས་བྱས་ཏེ་སློབ་མའི་སེམས་ཀྱི་ཞིང་ཁམས་བརླན་ཐུབ།

    བརྩེ་སེམས་ནི་སློབ་གསོའི་བླ་སྲོག་ལྟ་བུ་ཡིན་པས་བརྩེ་སེམས་ལྡན་ཚེ་གཞི་ནས་འགན་འཁྲི་ཡོད་པ་དང་འགན་འཁྲི་ཡོད་ཚེ་གཞི་ནས་ལེགས་སྐྱེས་འབུལ་ཐུབ། འཆད་ཁྲིད་སྟེགས་བུར་བཅངས་པའི་དགའ་ཞེན་དང་སློབ་མ་ཚོར་བཅངས་པའི་བརྩེ་སེམས་ལས་དགེ་རྒན་མང་པོར“བྱ་གཞག་གཅིག་གདམ་ག་བྱས་ན་ཚེ་གང་མཐའ་འཁྱོངས་བྱེད་པའི”བརྟན་སྲུང་དང“ཕྲུ་གུ་འཚར་ལོངས་ཡག་པོ་དོན་གཉེར་བྱེད་པའི”སྒེར་སེམས་མེད་པའི་ཕུགས་འདུན་ཡོད་པ་རེད། དེ་ལྟ་བུའི་བརྩེ་སེམས་དང་འགན་འཁྲི་ཡོད་པས་གྲོང་གསེབ་ཀྱི་དགེ་རྒན་ཧྲི་ལན་སུང་གིས་ལོ་30ལྷག་ཙམ་རིང་གཏིང་ཧ་ཅང་ཟབ་པའི་ཏ་ལུང་མཚོར་གྲུ་བཏང་སྟེ་སློབ་མ་ཚོ་སྐྱེལ་བསུ་བྱས་ནས་ཁོང་ཚོར་སློབ་གྲྭར་སྐྱོད་པའི་ལམ་བུ་བཏོད་པ་དང་། རྒན་ཡོལ་ཞུས་པའི་དགེ་རྒན་ཁྲེན་ལི་ཆུན་གྱིས་སློབ་གྲྭ་གཞན་དག་གི་གླ་ཕོགས་མཐོ་བའི་གདན་ཞུ་དང་ལེན་མ་བྱས་པར་རང་འགུལ་ངང་ཀུའེ་ཀྲོའུ་རི་ཁུལ་དུ་དབུལ་སྐྱོར་སློབ་སྐྱོར་བྱེད་པར་བསྐྱོད་པ། དམིགས་བསལ་སློབ་གསོའི་དགེ་རྒན་ཀྲང་ལི་ཡིས་སློབ་མ་ཚོར་རིག་གནས་བསླབས་པ་མ་ཟད་འཚོ་བར་ལྟ་རྟོག་བྱས་ཏེ་བརྩེ་སེམས་སློབ་གསོར་བརྟེན་ནས་དབང་སྐྱོན་སློབ་མར་ཕུགས་འདུན་སྒྲུབ་པའི་གཤོག་ཟུང་བསྣན་པ་རེད། བྱམས་བརྩེའི་སེམས་པ་ལས་དགེ་རྒན་ཞིག་གི་དཔེ་ཁྲིད་མི་སྐྱོང་ལ་སུན་སྣང་མེད་པའི་ལས་བཀུར་གྱི་སྙིང་སྟོབས་དང་ཁེ་གྲགས་མི་གཉེར་བའི་གཤིས་རྒྱུད་བཟང་པོ་སྐྱེད་སྲིང་བྱས་པ་མ་ཟད། ཁོང་ཚོའི་རིན་ཐང་དེ་བས་ཆེ་བའི་བྱ་གཞག་དང་མི་ཚེ་བཏོད་ཡོད།

    སློབ་གསོ་ནི་བྱམས་བརྩེའི་བྱ་གཞག་ཅིག་ཡིན། བྱ་གཞག་འདི་ལེགས་པར་སྒྲུབ་པར་དགེ་རྒན་རྣམས་ཀྱིས་ལྷག་བསམ་རྣམ་དག་གིས་འབད་བརྩོན་བྱེད་དགོས་ལ་ཕྱོགས་ཁག་གིས་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས། དགེ་རྒན་ལ་གུས་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་སྲོལ་རྒྱུན་བཟང་པོ་དར་སྤེལ་ཤུགས་ཆེན་གཏོང་བ་དང་སྤྱི་ཚོགས་ཡོངས་ཀྱིས་སློབ་གསོར་མཐོང་ཆེན་དང་དགེ་རྒན་ལ་གཅེས་སྐྱོང་སྔར་ལས་ལྷག་པར་བྱས་ཏེ། རྒྱ་ཆེའི་དགེ་རྒན་རྣམས་ཀྱིས་ལས་གནས་ཐོག་སྐྱིད་སྣང་ཚོར་བ་དང་། བྱ་གཞག་ཐད་གྲུབ་འབྲས་ཐོབ་སྣང་ཚོར་བ། སྤྱི་ཚོགས་ཐོག་གཟི་བརྗིད་ཀྱི་སྣང་བ་ཚོར་བ་བཅས་བྱས་ཚེ། ཁོང་ཚོའི་སློབ་གསོར་བཅངས་པའི་བརྩེ་སེམས་དང་བྱམས་བརྩེའི་སེམས་པ་སྐྱེད་སྲིང་དང་། ཕྲུ་གུ་ཚོའི་ཕུགས་བསམ་ཀྱི་འོད་མདངས་འཕྲོ་བ་དང་མི་རིགས་ཀྱི་འབྱུང་འགྱུར་གཏོད་རྒྱུར་ལྕག་སྐུལ་དེ་བས་ཡག་པོ་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།