མི་སྤྱི་སྡེ་ཚན་གྱིས་སྤྱི་ཚོགས་འགན་བཅོལ་ཐོབ་ཐང་གི་ཁས་ལེན་དཔང་འདོན་སྟབས་བདེ་ཅན་ལ་སྐུལ་འདེད་མགྱོགས་པོ་བཏང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་6ཉིན་གློག་འཕྲིན་འབྱོར་གསལ། རྒན་གསོའི་དངུལ་དང་ལས་རྨས་ཁ་གསབ་སོགས་ཀྱི་སྤྱི་ཚོགས་འགན་བཅོལ་ཐོབ་ཐང་ལོངས་སྤྱོད་ཀྱི་ཐོབ་ཐང་ཁས་ལེན་དཔང་འདོན་ནི་མི་སེར་གྱི“དངུལ་ཁུག”དང་འབྲེལ་བ་ཡོད་ལ་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་བདེ་འཇགས་དང་ཡང་འབྲེལ་བ་ཡོད། ཉེ་ཆར་གསར་འགོད་པར་མི་སྤྱི་པུའུ་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱི་སྤྱི་ཚོགས་འགན་བཅོལ་གཉེར་སྒྲུབ་ལས་ཁུངས་ཀྱིས་ཆ་འཕྲིན་བསྡུར་བ་དང་། སྤྱི་ཚོགས་ཅན་གྱི་ཞབས་འདེགས་ཞུ་བ། རྒྱང་ཁྲིད་རང་འདོད་བཅས་ཀྱི་ཁས་ལེན་དཔང་འདོན་སོགས་ཀྱི་བྱེད་སྟངས་བརྒྱུད། “གྲངས་གཞི་མང་ཙམ”བཙལ་ནས“མང་ཚོགས་ལ་སྟབས་བདེ་མང་ཙམ་ཡོང་ཐབས”བྱས་ཏེ་སྤྱི་ཚོགས་འགན་བཅོལ་ཐོབ་ཐང་གི་ཁས་ལེན་དཔང་འདོན་སྟབས་བདེ་ཅན་ལ་སྐུལ་འདེད་མགྱོགས་པོ་བཏང་ཡོད།
མི་སྤྱི་པུའི་སྤྱི་ཚོགས་འགན་བཅོལ་བྱ་གཞག་གི་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲའེ་ཡན་ལིས་ངོ་སྤྲོད་བྱས་པར། མི་སྤྱི་སྡེ་ཚན་གྱིས་སྤྱི་བདེ་དང་། དམངས་སྲིད། འགྲིམ་འགྲུལ། རྒྱལ་མཚམས་འཛུལ་གྲོལ་དོ་དམ་སོགས་སྡེ་ཚན་དང་ལས་སྒོའི་རོགས་ལས་ཧུར་ཐག་བྱས་པས་ཆ་འཕྲིན་མཉམ་སྤྱོད་རིམ་བཞིན་མངོན་འགྱུར་བྱུང་སྟེ་མངོན་མེད་ཁས་ལེན་དཔང་འདོན་མངོན་འགྱུར་བྱུང་ཞིང་། མི་སྒེར་གྱིས་བཀོལ་སྤྱོད་གང་ཡང་བྱེད་མི་དགོས་པར་ཁས་ལེན་དཔང་འདོན་ཐུབ་ཀྱི་ཡོད། 2022ལོར་རྒྱལ་ཡོངས་སུ་རྒན་ཡོལ་ཞུ་མཁན་གསུམ་ཆ་གཅིག་ཙམ་གྱིས་གྲངས་གཞི་བསྡུར་བའི་ཐབས་ལ་བརྟེན་ནས་ཁས་ལེན་དཔང་འདོན་ཐུབ་ཡོད།
རྒྱང་ཁྲིད་རང་འདོད་ཀྱི་ཁས་ལེན་དཔང་འདོན་ཡང་གཙོ་གནད་ཆེན་པོ་ཞིག་རེད། རྒན་རྒོན་ཁ་ཤས་ཀྱིས་རིག་ནུས་ལག་ཐོགས་ཁ་པར་ནས་ཁས་ལེན་དཔང་འདོན་བྱེད་མི་ཤེས་པའི་གནད་དོན་ཐག་གཅོད་བྱ་ཆེད། མི་སྤྱི་སྡེ་ཚན་གྱིས་ལག་ཐོགས་ཁ་པར་གྱི་བཀོལ་སྤྱོད་ཁྲོད“མི་གཞན་གྱིས་གཉེར་རོགས”ཀྱི་བྱེད་ནུས་གསར་སྤེལ་བྱས་ཡོད་པས་ནང་མིའམ་ཡང་ན་ལས་དོན་མི་སྣས་རྒན་རྒོན་ལ་ཁས་ལེན་དཔང་འདོན་བྱེད་རོགས་ཆོག་གི་ཡོད། “2022ལོར་བཏོན་པའི་ནང་མིའི‘གཉེན་ཉེའི་ཞབས་ཞུའི’ལག་ཐོགས་ཁ་པར་བྱེད་ནུས་སྤྱོད་མཁན་མི་གྲངས་ཁྲི་2335ཟིན་པ་དང་། ‘ལས་དོན་མི་སྣས་རྒན་རྒོན་ལ་ཁས་ལེན་དཔང་འདོན་བྱེད་རོགས་བྱེད་པའི’རྣམ་པ་གཞན་དེ་སྤྱོད་མཁན་མི་ཐེངས་ཁྲི་935ཟིན་ཡོད” ཀྲའེ་ཡན་ལིས་མིག་སྔར་རྒྱལ་ཡོངས་སུ་གྲངས་གཞི་བསྡུར་བ་དང་རང་འདོད་བྱེད་ཐབས་སྤྱད་དེ་ཁས་ལེན་དཔང་འདོན་ཐུབ་པའི་བསྡུར་གྲངས་70%ལྷག་ལས་བརྒལ་ཡོད་ཅེས་བཤད།