ཀྲུང་གོའི་འཐུས་མི་ཚོགས་པས་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་ལོ་རྒྱུས་ཐོག་གི་གྲུབ་འབྲས་ཡག་ཤོས་བཏོད་པ།
ཤིན་ཧྭ་གསར་འགྱུར་ཁང་ཧང་ཀྲོའུ་ནས་གློག་འཕྲིན་འབྱོར་གསལ། 2023ལོའི་ཟླ་10ཚེས་7ཉིན། ཀྲུང་གོའི་འཐུས་མི་ཚོགས་པར་གསེར་གྱི་རྟགས་མ་13ཐོབ་རྗེས་ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཐོག་གསེར་གྱི་རྟགས་མ་ཁྱོན་བསྡོམས་200ཐོབ་ནས། ཀྲུང་གོའི་འཐུས་མི་ཚོགས་པར་ཀོང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཐོག་གསེར་གྱི་རྟགས་མ་199ཐོབ་རྗེས་ཀྱི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་རེད།
ཀྲུང་གོའི་བུད་མེད་ཀྱི་ཕའེ་ཆིའུ་སྤོ་ལོའི་རུ་ཁག་གིས་ཀྱང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཅིང་། ཉིན་དེར་ཁོང་ཚོས་བུད་མེད་ཀྱི་ཕའེ་ཆིའུ་སྤོ་ལོའི་མཐའ་བསྡུར་ནང་3:0གྱི་གྲུབ་འབྲས་ཐོག་ནས་རི་པིན་གྱི་རུ་ཁག་ལས་རྣམ་པར་རྒྱལ་ཏེ། འགྲན་བསྡུར་ཐེངས་དྲུག་བྱས་ནས་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་སླར་ཡང་བླངས་ཤིང་། དེ་ནི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཐོག་གསེར་གྱི་རྟགས་མ་ལེན་ཐེངས་དགུ་པ་རེད། གཞན་ཡང་ཉིན་དེར་ཀྲུང་གོའི་བུད་མེད་ཀྱི་དབྱུག་འཁྱོག་སྤོ་ལོ་རུ་ཁག་གིས་2:0གྱི་གྲུབ་འབྲས་ཐོག་ནས་ཧན་གོའི་རུ་ཁག་ལས་རྣམ་པར་རྒྱལ་བ་དང་ལོ་13སོང་རྗེས་སླར་ཡང་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་བླངས་པ་རེད།
བྱ་དགའི་རྟགས་མའི་མིང་བྱང་ཐོག་ཀྲུང་གོའི་རུ་ཁག་ལ་གསེར་གྱི་རྟགས་མ་200དང་། དངུལ་གྱི་རྟགས་མ་111 ཟངས་ཀྱི་རྟགས་མ་71བཅས་ཀྱི་ཐོག་ནས་ཨང་དང་པོ་ཐོབ་པ་དང་། རི་པིན་གྱི་རུ་ཁག་ལ་གསེར་གྱི་རྟགས་མ་51དང་། དངུལ་གྱི་རྟགས་མ་66 ཟངས་ཀྱི་རྟགས་མ་69བཅས་ཀྱི་ཐོག་ནས་ཨང་གཉིས་པ་ཐོབ་པ། ཧན་གོའི་རུ་ཁག་ལ་གསེར་གྱི་རྟགས་མ་42དང་། དངུལ་གྱི་རྟགས་མ་59 ཟངས་ཀྱི་རྟགས་མ་89བཅས་ཀྱི་ཐོག་ནས་ཨང་གསུམ་པ་ཐོབ་པ་རེད།