དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་མཆོད་དང་རྒྱལ་སྟོན་གྱི་གུང་གསེང་རིང་རྒྱལ་ནང་དུ་ཡུལ་སྐོར་ལ་སྐྱོད་མཁན་མི་ཐེངས་དུང་ཕྱུར་8.26ཟིན་པ།

    ཡོང་འབབ་སྒོར་དུང་ཕྱུར་7534.3ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-10-08

    ● གུང་གསེང་རིང་རྒྱལ་ནང་དུ་ཡུལ་སྐོར་ལ་སྐྱོད་མཁན་མི་ཐེངས་དུང་ཕྱུར་8.26ཟིན་པ།

    ● རྒྱལ་ནང་གི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་7534.3ཟིན་པ།

    འདི་ལོའི་ཟླ་མཆོད་དང་རྒྱལ་སྟོན་གྱི་གུང་གསེང་རིང་རིག་གནས་དང་ཡུལ་སྐོར་ལས་རིགས་སླར་གསོ་ཤུགས་ཆེན་བྱུང་ཞིང་། རྒྱལ་ཡོངས་ཀྱི་གུང་གསེང་ཁྲོམ་ར་བརྟན་ལ་གོ་རིམ་ལྡན་པ་ཞིག་ཡོད། རིག་གནས་དང་ཡུལ་སྐོར་པུའི་གྲངས་གཞི་ལྟེ་གནས་ཀྱིས་ཚོད་རྩིས་བརྒྱབ་པར་གཞིགས་ན། གུང་གསེང་རིང་རྒྱལ་ནང་དུ་ཡུལ་སྐོར་ལ་སྐྱོད་མཁན་མི་ཐེངས་དུང་ཕྱུར་8.26ཟིན་པ་དེ། བསྡུར་གཞི་ཡོད་པའི་ཚད་གཞི་ལྟར་ན་དུས་མཚུངས་ལས་71.3%འཕར་བ་དང་2019ལོ་ལས་4.1%འཕར་བ། རྒྱལ་ནང་གི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་7534.3ཟིན་པ་དེ། བསྡུར་གཞི་ཡོད་པའི་ཚད་གཞི་ལྟར་ན་དུས་མཚུངས་ལས་129.5%འཕར་བ་དང་2019ལོ་ལས་1.5%འཕར་ཡོད།

    གུང་གསེང་རིང་ཡུལ་སྐོར་དུ་བསྐྱོད་རྒྱུའི་མང་ཚོགས་ཀྱི་འདུན་པ་གཅིག་སྡུད་ཐོག་མངོན་འགྱུར་བྱུང་ཞིང་། ལམ་ཐག་རིང་འབྲིང་གི་ཡུལ་སྐོར་དུ་སྐྱོད་མཁན་ཅུང་མང་དུ་ཕྱིན་པ་དང་། ཡུལ་སྐོར་བྱ་ཡུལ་གཙོ་བོ་དང་དེ་བཞིན་ཡུལ་སྐོར་དུ་སྐྱོད་མཁན་མང་བའི་མཛེས་ལྗོངས་ཁུལ་དུ་འཛད་སྤྱོད་བྱེད་ཚད་མུ་མཐུད་མཐོ་རུ་ཕྱིན་པ། ཡུལ་སྐོར་གྱི་དགོས་མཁོ་སྣ་མང་ཅན་དང་སྣ་གཅིག་མཉམ་གནས་བྱུང་ཡོད། རིག་གནས་དང་ཡུལ་སྐོར་ལས་རིགས་ཀྱིས་གུང་གསེང་གི་ཁྱད་ཆོས་དང་ཟུང་འབྲེལ་གྱིས“ཡུལ་སྐོར+”མཉམ་འདྲེས་འཁྲབ་སྟོན་དང་། ལུས་རྩལ། མངོན་མིན་རིག་གནས་ཤུལ་བཞག་སོགས་བརྒྱུད། བྱེད་སྒོ་དང་ཐོན་རྫས་རབ་དང་རིམ་པ་བཏོན་ནས་ཡུལ་སྐོར་བར་གུང་གསེང་གི་ཉམས་ལེན་སྤུས་ཚད་མཐོ་པོ་ཡོང་བ་བྱས་ཡོད།

    རིག་གནས་དང་ཡུལ་སྐོར་བྱེད་སྒོ་ངོ་མཚར་ཆེ་ཞིང་། རིག་གནས་དང་ཡུལ་སྐོར་པུས་2023ལོའི“རི་ཆུའི་སྟོན་ཉམས”ཞེས་པའི་རྒྱལ་ཡོངས་ཀྱི་ཡུལ་སྐོར་དྲིལ་བསྒྲགས་ཁྱབ་གདལ་བྱེད་སྒོ་སྤེལ་འགོ་བཙུགས་པ་དང་། ས་གནས་ཁག་དང་མཉམ་འབྲེལ་ཐོག་སྟོན་དུས་རིག་གནས་ཡུལ་སྐོར་ཁྱབ་གདལ་དུས་ཚིགས་ལ་དམིགས་ཏེ། སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ནས་ལྕགས་རི་རིང་པོའི་སྟོན་ཉམས་དང་། གྲོང་གསེབ་ཀྱི་སྟོན་ལྗོངས། སྐྱེ་དངོས་འཚར་སྐྱེས་སོགས་སྟོན་དུས་ཀྱི་རིག་གནས་ཡུལ་སྐོར་གྱི་ཡིད་དབང་འཕྲོག་ཤུགས་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད། ཅང་ཤིས་ནན་ཁྲང་གིས“ཡུལ་ལྗོངས་འདི་གར་ལྷག་པར་མཛེས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་ཤོག་སྦག་མཚན་ཚོགས་འཚོགས་ཏེ་གྲོང་མི་དང་ཡུལ་སྐོར་བའི་ཡིད་དབང་འཕྲོག་པ་དང་། ཧོ་ནན་ཅའོ་ཙུའོ་ཡུན་ཐའེ་རི་བོའི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་ཁྲི་ཁ་ཤས་ཀྱིས་རྒྱལ་དར་ཆེན་པོ་བརྒྱུད་སྤྲོད་བྱས་ནས་ཐུན་མོང་ཐོག་རྒྱལ་གཅེས་གླུ་དབྱངས་བླངས་པ། ཀྲེ་ཅང་གིས“ལུས་རྩལ་འགྲན་ཚོགས་ལ་ལྟ། ཀྲེ་ཅང་དུ་ཡུལ་སྐོར་ལ་སྐྱོད”ཅེས་པའི་ཨེ་ཤེ་ཡ་ལུས་རྩལ་འགྲན་ཚོགས་ཀྱི་རིག་གནས་ཡུལ་སྐོར་སྐྱོད་ལམ་རྩེ་གྲ་བཅུ་བཏོན་ནས་གྲོང་མི་དང་ཡུལ་སྐོར་བའི་དགོས་མཁོ་སྣ་ཚོགས་བསྐངས་ཡོད།

    རིག་གནས་དང་ཡུལ་སྐོར་བྱེད་སྒོ་མཉམ་འདྲེས་གཏིང་ཟབ་བྱུང་བ་དེ་བཀྲག་མདངས་འཚེར་སར་གྱུར་ཞིང་། ཟླ་མཆོད་དང་རྒྱལ་སྟོན་རིང་རྒྱལ་ཁབ་སྒྱུ་རྩལ་ཁང་དང་ཚོགས་པའི་འཁྲབ་སྟོན་གྱི་དུས་ཚིགས་འཁེལ་ཏེ། ཕུལ་བྱུང་གི་གར་སྟེགས་སྒྱུ་རྩལ་བརྩམས་ཆོས་མང་པོ་ཞིག་པེ་ཅིང་དང་། ནང་སོག ཧྲང་ཧའེ་སོགས་སུ་འཁྲབ་སྟོན་བྱས་པ་དང་། ཧེ་ལུང་ཅང་གིས་སྐབས་དང་པོའི་སྟོན་དུས་ཀྱི་འཁྲབ་སྟོན་ཡུལ་སྐོར་དུས་ཆེན་གཉེར་ནས་ཕུལ་བྱུང་འཁྲབ་ཚན་འགྲེམས་འཁྲབ་དང་། རོལ་དབྱངས་འདུ་ཚོགས། གཞས་མ་གཏམ་ཟློས་གར་ཆུང་གྲས་ཀྱི་གཏམ་བརྗོད་ཟློས་གར་སོགས་སྒྱུ་རྩལ་གྱི་རྣམ་པ་མི་འདྲ་བའི་རིམ་སྤེལ་ཆེད་དོན་འཁྲབ་སྟོན་བྱས་པ། ཧྲན་ཤིས་དང་། ཧུའུ་ནན། ཀོང་ཏུང་། ཧའེ་ནན། སི་ཁྲོན། ཧྲའན་ཤིས་སོགས་ཀྱིས་ཁྱད་ཆོས་མངོན་གསལ་དོད་པའི་སྒྲོན་སྐོར་ཟླ་གཟིགས་དང་། རིག་རྩལ་འཁྲབ་སྟོན། སྐོར་སྐྱོད་སྤྲོ་འཆམ་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ། རིག་ལྡན་ཡུལ་སྐོར་གྱི་དབྱིངས་ཞུགས་རྣམ་པའི་ཐོན་རྫས་གསར་པ་དང་རྣམ་པ་གསར་པ་དེ་ཉིད་འཛད་སྤྱོད་བྱ་ཡུལ་གསར་པ་ཞིག་ཏུ་གྱུར་ནས་ན་གཞོན་ཡུལ་སྐོར་བའི་དགའ་བསུ་ཆེན་པོ་ཐོབ་ཡོད།

    རིག་གནས་དང་ཡུལ་སྐོར་གྱི་འཛད་སྤྱོད་མགྱོགས་མྱུར་འཕར་ཞིང་། རིག་གནས་དང་ཡུལ་སྐོར་པུས་རྒྱལ་ཡོངས་ཀྱི་རྒྱལ་སྟོན་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་ཟླ་བའི་བྱེད་སྒོ་སྤེལ་ཏེ། རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་སྐྱོད་ལམ་རྩེ་གྲ་149དང་བཟོ་ལས་ཡུལ་སྐོར་དཔེ་སྟོན་རྟེན་གཞི་69བཏོན་པ་དང་། ཧོ་པེས“རི་འཛེག་པ་དང་ཤིང་འབྲས་འཐུ་བའི་གྲོང་གསེབ་སྤྲོ་གསེང་ཡུལ་སྐོར”བྱེད་སྒོ་སྤེལ་ཏེ། ཡུལ་སྐོར་བའི་སྣེ་འཁྲིད་ནས་མཛེས་པའི་གྲོང་གསེབ་ཏུ་སྟོན་ལྗོངས་དང་སྟོན་འབྲས་མྱོང་བར་བསྐྱོད་པ། ཧུའུ་པེ་དང་། ཉིང་ཞ། ཁྲུང་ཆིང་སོགས་ཀྱིས་རིག་གནས་དང་ཡུལ་སྐོར་གྱི་འཛད་སྤྱོད་འཛིན་ཤོག་སྤྲོད་པ་དང་སྒོ་འཛིན་གྱི་རིན་གོང་གཅོག་པ་སོགས་ཀྱི་བྱེད་ཐབས་བཏོན་ནས་ཡུལ་སྐོར་བའི་འཛད་སྤྱོད་ཀྱི་སྤྲོ་སེམས་འཕེལ་བར་བྱས་ཤིང་། ཅང་སུའུ་ཡན་ཁྲེང་གིས་སྒོར་དུང་ཕྱུར་1.1རི་བའི་རིག་གནས་དང་། ཚོང་དོན། ཡུལ་སྐོར་བཅས་ཀྱི་འཛད་སྤྱོད་འཛིན་ཤོག་སྤྲད་ནས་འཛད་སྤྱོད་ཀྱི་གཏིང་ཤུགས་མངོན་པར་བྱས་པ། རྒྱལ་ཁབ་རིམ་པའི་མཚན་མོའི་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་གཅིག་སྡུད་ཁུལ་གྱི་དཔེ་སྟོན་སྐུལ་ཁྲིད་ཀྱི་ནུས་པ་སྔར་བས་མངོན་ནས་མཚན་མོའི་འཛད་སྤྱོད་ཀྱི་གསོན་ཤུགས་སྔར་བས་འཕེལ་ཞིང་། ཀྲུང་གོ་ལན་ཐུང་གི་གྲངས་གཞི་ལྟ་ཞིབ་ཚད་ལེན་ལ་གཞིགས་ན། ཟླ་9ཚེས་28ཉིན་གྱི་ཆུ་ཚོད་18ནས་ཟླ་10ཚེས་6ཉིན་གྱི་ཆུ་ཚོད་6པ་བར། རྒྱལ་ཁབ་རིམ་པའི་མཚན་མོའི་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་གཅིག་སྡུད་ཁུལ་243དུ་མཚན་མོ་ཡུལ་སྐོར་དུ་སྐྱོད་མཁན་མི་ཐེངས་དུང་ཕྱུར་1.12ཟིན་པ་དང་ཆ་སྙོམས་གཅིག་སྡུད་ཁུལ་རེར་མཚན་མོ་རེར་མི་ཐེངས་ཁྲི་5.76ཟིན་ནས་འཕར་ཚད་མངོན་གསལ་དོད་པོ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།