ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་གསུམ་པའི་ཐོག《ཉིང་ཁྲིའི་གྲོས་འགོ》ཁྱབ་བསྒྲགས་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་10ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཚེས་5ཉིན། ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་གསུམ་པའི་ཐོག《ཉིང་ཁྲིའི་གྲོས་འགོ》ཁྱབ་བསྒྲགས་བྱས་ནས་ཧི་མ་ལ་ཡའི་མཐའ་འཁོར་གྱི་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ལ་སྐུལ་འདེད་བཏང་སྟེ་འཕེལ་རྒྱས་དང་མཉམ་ལས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་དགོས་པའི་རེ་འབོད་བྱས་པ་རེད།
《ཉིང་ཁྲིའི་གྲོས་འགོ》ནི་ད་ཐེངས་ཀྱི་ཚོགས་ཆེན་གྱི་གྲུབ་འབྲས་གཙོ་བོའི་གྲས་ཤིག་རེད། གྲོས་འགོའི་ནང་། ཧི་མ་ལ་ཡའི་མཐའ་འཁོར་ས་ཁུལ་གྱི་མི་འབོར་མང་བ་དང་། ཤེས་དཔལ་སྣ་མང་། སྐྱེ་ཁམས་སྣ་ཚོགས་བཅས་ཡོད་པས་ས་ཁུལ་འཕེལ་རྒྱས་གཏོང་རྒྱུ་དེ་འཛམ་གླིང་ཡོངས་ཀྱི་མི་དམངས་ཀྱི་ཐུན་མོང་གི་བདེ་རྩ་དང་འབྲེལ་བ་ཡོད། ཧི་མ་ལ་ཡའི་མཐའ་འཁོར་ས་ཁུལ་གྱི་རྒྱལ་ཁབ་ཀྱི་ས་འབྲེལ་འདྲ་མཚུངས་དང་། མི་དང་མིའི་དབར་གྱི་འབྲེལ་བ་ཟབ་པ། རིག་གནས་འབྲེལ་མཐུད་ཐུབ་པ། སྲོལ་རྒྱུན་གྱི་མཛའ་གྲོགས་འབྲེལ་བ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པ། རྒྱལ་ཁབ་ཁག་གི་ཆབ་སྲིད་འགྲོ་འོང་ཟབ་པ། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པ་བཅས་ཡོད་ཅེས་བསྟན་པ་རེད།
གླེང་སྟེགས་ཀྱི་གྲུབ་འབྲས་ལ་གཞིགས་ནས་ཀྲུང་གོ་ཕྱོགས་ཀྱིས་གྲོས་འགོ་ཁག་བཞི་བཏོན་པ་སྟེ། གཅིག་ནས་རྒྱལ་སྤྱིའི་སྐྱེ་ཁམས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་བ་དང་། གཉིས་ནས་རྒྱལ་སྤྱིའི་འཕེལ་རྒྱས་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་པ། གསུམ་ནས་མི་ཆོས་རིག་གནས་ཀྱི་སྐད་ཆ་ཤོད་རེས་དང་སྤེལ་རེས་ལ་སྐུལ་འདེད་བཏང་ནས་འཛམ་གླིང་གི་ཤེས་དཔལ་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པ། བཞི་ནས་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་བྱས་ཏེ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་རེད།
གྲོས་འགོའི་ནང་། ཀྲུང་གོས་རྒྱལ་ཁབ་ཁག་དང་ནུས་རྒྱུ་གསར་པ་དང་ལྗང་མདོག་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་ཐོན་ལས་མཉམ་ལས་མགྱོཊ་མྱུར་བྱས་ཏེ་ཧི་མ་ལ་ཡའི་མཐའ་འཁོར་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་ཡོང་བར་སྐུལ་འདེད་གཏོང་བ་དང་ཆབས་ཅིག འཕེལ་རྒྱས་ཁྲོད་དམངས་འཚོ་འགན་ལེན་དང་ལེགས་སུ་བཏང་ནས་ས་ཁུལ་དེའི་འཕེལ་རྒྱས་དོ་སྙོམས་མེད་པ་དང་གང་ལེགས་མ་བྱུང་བའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཏེ། དཔལ་འབྱོར་འཕར་བའི་སྒུལ་ནུས་གསར་པ་སྔོག་འདོན་གྱིས་འཕེལ་རྒྱས་ཀྱི་མཆོང་སྐྱོད་གསར་པ་ལག་གདང་སྦྲེལ་ནས་མངོན་འགྱུར་ཡོང་བ་བྱེད་དགོས་པ་བསྟན་ཡོད།
གྲོས་འགོའི་ནང་། ད་དུང་རྒྱལ་སྤྱིའི་སྤྱི་ཚོགས་ཧི་མ་ལ་ཡའི་མཐའ་འཁོར་གྱི་རྒྱལ་སྤྱིའི་འཕེལ་རྒྱས་དང་མཉམ་ལས་ནང་ཧུར་ཐག་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་དང་། གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་དང་། འབྲུ་རིགས་བདེ་འཇགས། ལྗང་མདོག་འཕེལ་རྒྱས། བཟོ་ལས་ཅན། གྲངས་འཛིན་དཔལ་འབྱོར། འཕེལ་རྒྱས་ཀྱི་མ་དངུལ་གྲབས་གསོག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གཙོ་གནད་ཐོག་སྐུལ་འདེད་བཏང་སྟེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་མགྱོགས་མྱུར་བྱས་ཐོག་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུ་ཡིན་ཞེས་བསྟན་ཡོད།